收录于话题
#圣地人物志
70个内容
![]()
ཀིར་སྒར་འཇིགས་མེད།
༼རིན་པོ་ཆེ་གཟི་ལ་རྣམ་པར་དཔྱད་པ་ཡང་སྙིང་བསམ་འཕེལ་ནོར་བུའི་རང་མདངས༽་ཀྱི་རྩོམ་པ་པོ།
གཟི་རྒྱལ་ཁྱུང་པོ་འོད་འབར་གྱི་ཉར་ཚགས་པ།
ཁོ་ནི་༡༩༨༡ལོར་རྔ་བ་ཁུལ་མཛོད་དགེ་རྫོང་ཀིརྟི་རྐ་ཆུ་ཁ་བ་ནས་སྐྱེས། སྤྱི་ཚོགས་ཀྱི་སློབ་གྲྭ་གང་ཡང་འགྲིམས་མ་མྱོང་ཡང་ཆུང་དུས་ནས་དགོན་སྡེའི་ཤེས་རིག་གི་གླིང་ཀ་འགྲིམས་པའི་སྐལ་བཟང་ཁྲོད་བོད་ཀྱི་ཆོས་དང་རིག་གནས་ལ་མི་ལོ་ཉི་ཤུ་ལྷག་གི་རིང་དུ་སློབ་གཉེར་གནང་། མཐར་ཚེ་སྔོན་ལས་ཀྱིས་མུན་ནག་གི་སྤྱི་ཚོགས་འཚོ་བ་ལ་མྱོང་རོལ་བྱ་དགོས་བྱུང་ནས་མྱུ་གུ་དང་དཔེ་དེབ་ལའང་ལོ་ཁ་ཤས་ལ་ཁ་བྲལ་ནས་ཚོང་ལས་གཉེར་བའི་བྲེལ་ཟིང་ཁྲོད་དུས་ཚོད་ཟད་ལ་ཉེའང་ལས་དབང་གིས་གཟི་ཆུ་མིག་བདུན་པ་ཞིག་དང་འཕྲད་པའི་རྐྱེན་བྱས་ནས་མི་ལོ་ལྔ་ཙམ་ལ་གཟི་དེ་ལ་དཔྱད་ཞིབ་གནང་བ་བརྒྱུད་ནས་ཡང་བསྐྱར་བོད་ཀྱི་ཤེས་རིག་ལོ་རྒྱུས་དང་འབྲེལ་བའི་གཟི་ཡི་རིག་གནས་དཔྱད་གླེང་བ་ཞིག་ཏུ་གྱུར་བ་མ་ཟད། ད་སྔ་གཟིའི་སྐོར་ནས་བཅར་འདྲི་དང་གཏམ་བཤད། དཔྱད་རྩོམ་སོགས་གང་མང་སྤེལ་མྱོང་། ད་ལོ་བོད་ཀྱི་རིན་པོ་ཆེ་གཟིའི་སྐོར་ལ་གནའ་དེང་ཟུང་འབྲེལ་ཀྱི་ལམ་ནས་དུས་རབས་དང་མཐུན་པའི་དཔྱད་རྩོམ་གྱི་དཔེ་དེབ་ཞིག་ཀྱང་གསར་རྩོམ་གནང་པར་མཁས་པ་མང་པོས་བསྔགས་བརྗོད་དང་དགའ་བསུ་ཐོབ་བཞིན་ཡོད།
བཅར་འདྲི་བྱ་ཡུལ། ཀིར་སྒར་འཇིགས་མེད།འདྲ་པར་མཁོ་སྤྲོད་པ། ཀིར་སྒར་འཇིགས་མེད།བཅར་འདྲི་རྩོམ་འབྲི་བ། ཕུར་སྲུང་སྐྱབས།རྩོམ་སྒྲིག་པ། ཕུར་སྲུང་སྐྱབས།གཟི་རྒྱལ་ཁྱུང་པོ་འོད་འབར།རིན་པོ་ཆེ་གཟི་ལ་ཆེས་ཐོག་མར་ཞིབ་འཇུག་དང་དོ་སྣང་བྱེད་དགོས་པའི་དམིགས་ཡུལ།དང་ཐོག་ངས་གཟི་ཡི་རྒྱུ་མཚན་དང་དག་རྫུན་གང་ཡང་མི་ཤེས་ལ་དེ་ལ་ཞིབ་འཇུག་དང་དོ་སྣང་བྱེད་བསམ་པའི་འདུན་པ་སོགས་གང་ཡང་མེད། བྱ་བ་ག་གེ་མོ་ཞིག་གི་དབང་གིས་ངས་གཟི་ཆུ་མིག་བདུན་པ་ཞིག་མི་ཉོ་ག་མེད་དུ་གྱུར་སོང་། ངའི་གཟི་དེ་ནི་དྭངས་ཤིང་སྙི་བའི་ཁྱད་ཆོས་ཅན་ཞིག་ཡིན་པ་མ་ཟད་དེ་འདྲ་ཧ་ཅང་མཐོང་དཀོན་པ་ཞིག་ཀྱང་རེད། དེའི་ཕྱིར་གནའ་དཔྱོད་པ་དང་ཚོང་བ་འགའ་ཡིས་ཤེལ་གཟི་རེད་ཟེར་བ་དང་གཟི་དག་རྫུན་ཐག་ཆོད་དཀའ་མོ་རེད་ཟེར་བ་དང་། ཁ་ཤས་ཀྱིས་གཟི་རྙིང་ཡིན་པ་ན་བུན་དང་སྣུམ་འོད་ལས་ངེས་སླ་ཟེར་བ་སོགས་སྐད་ཆ་མང་པོ་བྱུང་བ་རེད། དེ་ནས་བཟུང་ངའི་སེམས་ལ་དོན་ངོ་མ་བོད་ཀྱི་གཟི་ཟེར་བ་དེ་ག་འདྲ་ཞིག་ཡིན་སྙམ་ནས་གཟི་ཡི་བརྟགས་ཐབས་དང་གཟིའི་ཡིག་ཆ་ཡོད་མེད་སོགས་ལ་ཉམས་འཇོག་ཁྲོད་ནས་ལྟག་སྤྲུལ་རིན་པོ་ཆེ་དང་ཚངས་དབང་དགེ་འདུན་ནོར་བུ་བཀྲ་ཤིས་སོགས་ཀྱིས་བྲིས་པའི་གཟིའི་སྐོར་ཀྱི་དཔྱད་རྩོམ་དག་མཐོང་མྱོང་། ![]()
![]()
སྐད་འཕྲིན་ལམ་གྱི་གནའ་རྫས་ཚོགས་པ་མང་པོའི་ནང་དུ་ཞུགས་ནས་དོ་སྣང་བྱས་ཏེ་རྭ་རྒྱ་བློ་བཟང་ལགས་ནས་གནའ་དེང་གི་གཟི་ཡི་པར་རིས་ཀྱི་ལམ་ནས་གཟི་ཡི་དག་རྫུན་བལྟ་ཚུལ་སོགས་ཀྱི་ལམ་སྟོན་མང་པོ་གོ་མྱོང་བ་མ་ཟད། ལྷ་ས་ནས་དཔར་བསྐྲུན་བྱས་པའི་གནའ་བོའི་རིན་པོ་ཆེ་གཟི་སྐོར་ཀྱི་དཔེ་རྙིང་ཕྱོགས་བསྒྲིགས་བྱས་པའི་དེབ་ཞིག་ལག་ལ་རེག་སོང་ལ་དེའི་ནང་གི་ཚིག་དོན་མང་པོ་ལ་ཡང་དང་བསྐྱར་དུ་བལྟས་ཡོང་དུས་གཟི་ཡི་རིག་གནས་མང་པོའི་རིན་ཐང་ལ་སྔོན་བྱོན་མཁས་པ་མང་པོས་གདེང་འཇོག་བླ་མེད་གནང་བའི་གསུང་ཚིག་ཁ་གསལ་གོ་བདེ་ཡང་མང་པོ་མཐོང་བས་ངས་ཀྱང་མཁས་པ་དེ་དག་གི་གསུང་བ་གཞི་ལ་བཞག་ནས་རང་གི་གཟི་ཆུ་མིག་བདུན་པ་དེ་ལ་རྣམ་པ་མང་པོའི་སྒོ་ནས་བརྟག་དཔྱད་ཞིབ་འཇུག་བྱེད་དུས་བཟོ་སྐྲུན་སྒྱུ་རྩལ་དང་ཕན་ནུས། གཟི་རིས་སོགས་ཀྱི་ཆ་མང་པོ་ཞིག་ནས་ངག་ཙམ་མིན་པར་ཡིག་རྙིང་ལས་རིན་པོ་ཆེ་གཟི་ཡི་ལོ་རྒྱུས་རིག་གནས་སོགས་ཀྱི་བདེན་རྟགས་མང་པོ་ཞིག་རྙེད་བྱུང་བས་སྐབས་དེ་དུས་ངའི་སེམས་ལ་སྔོན་བྱོན་མེས་པོ་དག་གི་ཤེས་རབ་དང་ཕུགས་བསམ་ལ་སེམས་ཀྱི་གཏིང་རིམ་ཞིག་ནས་དད་གུས་ཟབ་མོ་ཞིག་ཀྱང་སྐྱེས་སོང་།
དེ་ནས་བཟུང་སྟེ་ངའི་སེམས་སུ་གཟི་འདི་ཙམ་གྱི་རིག་གནས་ལས་བྱུང་བའི་ཤེས་རབ་དང་མཚོན་དོན་ནི་སྐྱེ་འགྲོ་ཡོངས་ལ་ཁ་ཚ་དགོས་གཏུགས་སུ་འདུག་པ་དེ་བཞིན་དུ་གཟི་རིགས་གྲངས་མེད་པ་དག་ལས་ད་དུང་ཡང་ད་ལྟ་སྔོན་ཐོན་པར་རློམ་པ་དག་ལས་ཀྱང་གཏིང་མཐའ་ཟབ་པའི་སྣོད་བཅུད་ཀྱི་གནས་ལུགས་མང་པོ་ཡོད་སྲིད་སྙམ་ནས་གཟི་ཡི་རིག་གནས་སམ་གཟི་ལ་ཞིབ་འཇུག་གམ་དོ་སྣང་བྱས་པ་ཡིན།དེའི་ཕྱིར་བོད་ཀྱི་གཟི་ལས་ངོ་ཚོས་ངེས་པར་དུ་མ་ཤེས་ཐབས་མེད་ཀྱི་ཤེས་བྱ་སྐོར་ཞིག་སྤྱི་ཚོགས་ཀྱི་ཁྲོད་ལ་ངོ་སྤྲོད་པ་བྱ་བར་འབད་པ་ནི་དམིགས་ཡུལ་གཙོ་བོ་ཡིན། ངས་གཟི་དང་འབྲེལ་བའི་གནའ་བོའི་ཤེས་རིག་ཟབ་བརླིང་ཞིག་ལ་སེམས་པ་འཁོར་ཐུབ་པ་བྱུང་བ་ནི་ལས་ཀྱིས་བཀོད་པའི་གཟི་རིན་པོ་ཆེ་འདི་ཡི་དངོས་གྲུབ་ཞིག་ཏུ་འདོད་བཞིན་ཡོད།གཟི་ནི་ཡང་སྙིང་དངོས་པོ་ཅི་ཞིག་ཡིན་པ་དང་རྒྱུ་དངོས་གང་དག་ལས་གྲུབ་པ་རེད། རིན་པོ་ཆེ་གཟི་ནི་ཡང་སྙིང་རིན་པོ་ཆེ་གཏེར་རྡོ་མི་ཡིས་ལུས་རྒྱན་བྱས་པ་ནས་སྒང་བ་བོད་ཀྱི་འགྲོ་བ་མིའི་ཤེས་རིག་དང་ལག་རྩལ་དར་རྒྱས་སུ་སོང་བ་དང་འགྲོགས་ནས་རིམ་གྱིས་བཟོ་སྐྲུན་གྱི་རྣམ་པའང་ཇེ་རྒྱས་ཇེ་ལེགས་སུ་གྱུར་ནས་འོང་བའི་ལུས་སྲུང་དང་ཐོབ་ཐང་། རྒྱན་ཆ། ཆོས་ལུགས་བཅས་ཀྱི་མཚོན་བྱེད་ཐུབ་པའི་བོད་ཀྱི་ནོར་བུ་ཞིག་རེད་ཅེས་བཤད་བཞིན་ཡོད། རྒྱུ་མཚན་གཟི་རིན་པོ་ཆེ་གྲུབ་པའི་རྒྱུ་དངོས་ནི་མི་ལུས་ཀྱི་བདེ་ཐང་ལ་ཕན་པའི་རང་བྱུང་གི་སྨན་རྫས་མང་པོ་ལས་གྲུབ་པ་ཡིན་པ་བཟོ་བ་རིག་པ་དང་གསོ་བ་རིག་པའི་གཞུང་ལུགས་མང་པོ་ལས་མ་བུ་ངོ་འཕྲོད་དུ་ཅིག་ཐུབ་པས་བོད་ཀྱི་གཟི་ནི་དོན་ངོ་མས་ཡིད་བཞིན་ནོར་བུ་ཞེས་བསྙད་ཀྱང་དོན་ལ་གནས་ཡོད་དོ་སྙམ།གཟི་ཡི་འབྱུང་ཁུངས་དང་དེའི་མིང་ཐོགས་སྟངས་སྐོར།གཟི་ཡི་འབྱུང་ཁུངས་དངོས་བོད་ཡིན་པ་ནི་གཟི་རྡོ་གང་ལས་བྱུང་བའི་ཡུལ་ནས་བཟུང་ལོ་རྒྱུས་དང་གཟི་ཡི་བཟོ་ཐབས་ལ་སོགས་པའི་ར་སྤྲོད་སླ་བར་བྱེད་ཐུབ་པས་གཟིའི་སྐོར་ཀྱི་ཡིག་ཆ་བཟོ་གསོའི་གཞུང་ལ་བལྟས་ན་ཤེས་ནུས།དེའི་མིང་ཐོགས་སྟངས་ལ་བཤད་ཚུལ་མི་འདྲ་བ་གང་མང་ཞིག་གཟི་ཡི་རྣམ་བཤད་རང་ལས་ཀྱང་གསུངས་ཡོད་མོད། ངས་ད་སྔ་དཀར་ཁྲ་མན་ལ་བཟོ་སྒྱུར་བྱས་པའི་རྗེས་ནས་གཟི་ཡི་བྱེད་ལས། གཟི་རྙིང་གཟའ་ཡི་ནད་དང་གདོན་གཟེར་འཇོམས། ། གསུངས་པ་ལྟར་ལུས་ཀྱི་གཟི་མདངས་འཕྲོག་པའི་གཟའ་ནད་སོགས་ལས་སྲུང་ནས་གཟི་བརྗིད་ཀྱི་མདངས་སྐྲུན་པའི་ཆ་ནས་གཟི་ཞེས་ཐོགས་པར་དོགས་པ་ཁོངས་སློང་གི་ཚུལ་ཀྱིས་བརྗོད་ཀི་ཡོད།གཟི་ཡི་རྣམ་གྲངས་དང་རིགས་དབྱེ།
གཟི་ཡི་རྣམ་གྲངས་ལ་གནའ་དེང་གི་བཤད་ཚུལ་མི་མཐུན་པར་གསུམ་ཙམ་འདུག་སྙམ་སྟེ། ༡ རྒྱལ་པོ་ཨེ་ཤོ་ལེགས་ཀྱི་སྐབས་སུ་རྒྱལ་གཟི་དང་བློན་གཟི། དམག་དཔོན་གྱི་གཟི་སོགས་བྱུང་བ།༢ ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐབས་སུ། གཏེར་གཟི་དང་ཆོས་གཟི། ཐོབ་གཟི། བླ་གཟི་སོགས་མང་པོ་ཡོད་པ།༣ དེང་གི་ཆར་བོད་ཀྱི་གཟི་ལ་རིན་པོ་ཆེའི་གཟི་དང་མཚོ་གཟི། ནུབ་གཟི་ཟེར་བ་སོགས་བཤད་སྲོལ་འདུག་ཀྱང་ཁོ་ཚོའི་བཤད་པའི་མཚོ་གཟི་དང་ནུབ་གཟི་ཟེར་བ་ནི་བོད་ནས་དར་བ་མིན་སྙམ་མཁན་ཡོད་མོད་ད་དུང་དཔྱོད་དགོས་པ་ཆེན་པོ་ཡོད་ཚུལ་ནི་གཟི་ཡི་ཚོང་ལམ་ནས་བལྟས་ན་ཤེས། གཟི་རིགས་ལ་ཆུ་མིག་དང་པོ་དང་གནམ་ས་ཁ་སྤྲོད། གནམ་ས་བཞི་སྒྲིག། ལྷ་མིག་ཟེར་བ་སོགས་མང་ལ་འདི་དག་ནི་སྔོན་བཙན་པོའི་སྐབས་ཀྱི་གཟི་ཡི་མིང་འདོགས་སྟངས་ཡིན་པའི་ཁུངས་སྣེ་ད་སྔ་མ་མཐོང་ལ་གཟི་ཡི་རིགས་དབྱེ་ནི་མཐས་ཡས་སོ།གཟི་ཡི་ཐུན་མོང་མ་ཡིན་པའི་ཁྱད་ཆོས།རིན་པོ་ཆེ་གཟི་ལ་གསོ་རིག་ལས་གསུངས་པའི་ནད་རིགས་འཇོམས་ནུས་པ། གཟི་རིས་མི་འདྲ་བ་རེ་ལ་ལྟོས་ཏེ་འཇིག་རྟེན་རྟེན་འབྲེལ་ཀྱི་ཁྱད་ཆོས། འཛམ་གླིང་གི་རྒྱན་ཆ་གསེར་དངུལ་གཡུ་བྱུར། ཕ་ལམ་དང་མུ་ཏིག་སོགས་དང་མ་འདྲ་བར་་ཧ་ཅང་ཟབ་པའི་སྒྱུ་རྩལ་ཀྱི་བསམ་བློའི་ཤེས་རབ་ཀྱིས་ཟིན་པའི་ཁྱད་ཆོས། བཟོ་སྐྲུན་སྒྱུ་རྩལ་གྱི་ཁྱད་ཆོས་འཛོམས་པའི་གཟི་རྙིང་བཟོ་རྩལ་ཉམས་ཟིན་པས་སྲུང་སྐྱོབས་དང་ཉར་ཚགས་ཀྱི་རིན་ཐང་བླ་མེད་ཡོད་པ། དེའི་ཕྱིར་གཟི་ལ་ལོ་རྒྱུས་དང་རིག་གནས་གནའ་དཔྱོད་སོགས་ཀྱི་ཞིབ་འཇུག་གི་རིན་ཐང་ལྡན་པས་གནའ་བོའི་རྒྱན་ཆའི་ཁྲོད་ཀྱི་ཆེས་མཆོག་ཏུ་གྱུར་བ་ཡིན་པའི་ཆོ་ལོ་ལ་རེ་བ་ཡོད་པ་བཅས་ནི་གཟི་ཡི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡིན།གཟི་ཡི་གཟུགས་དབྱིབས་དང་དེར་མཆིས་པའི་རི་མོ་སོ་སོའི་བསྟན་བྱའི་ནང་དོན།གཟུགས་དབྱིབས་དབྱེ་ཚུལ་ལ་རྩ་བའི་ཆ་ནས་དབྱེ་ན་རིན་པོ་ཆེ་ལ་སྟག་ལོག་གམ་ཟླུམ་པོ། རྐང་རིང་ངམ་ནར་མོ། ཁྲ་ཆུང་ངམ་འབངས་ཕྲུག་བཅས་གསུམ་ཡོད། རི་མོ་སོ་སོའི་བསྟན་བྱ་བསམ་གྱིས་མི་ཁྱབ་ལ་བརྗོད་པར་དཀའ་ཡང་། གཟི་ཡི་རྣམ་བཤད་རང་ལས། གཟི་སེར་པོ་ཆོས་དུང་རི་མོ་ཅན། ། སྐྱབས་བླ་མ་རྣམས་ཀྱི་ཆོས་གཟི་ཡིན། ། ཕྲིན་ལས་རྒྱས་པའི་རྟེན་ཕུར་ཡིན། ། གསུངས་པ་སོགས་ངོས་འཛིན་འགའ་ཤས་ཡོད་ཀྱང་དེ་རུ་མ་བཀོད་པའི་གཟི་རིས་བགྲང་ལས་འདས་ཕྱིར། དེ་ཉིད་ལས། མ་འདྲེས་གསལ་པར་ཤོད་མི་ལ། ། སློབ་དཔོན་པདྨ་འབྱུང་གནས་ཡོད། ། ཚོང་དཔོན་ནོར་བུ་བཟང་པོ་ཡོད། ། ཀརྨ་ཐམས་ཅད་མཁྱེན་པ་ཡོད། ། ཅེས་གསུང་ཡོད།གཟི་གསར་རྙིང་གི་ཁྱད་པར་དང་བརྟག་ཐབས། ཕོ་གཟི་དང་མོ་གཟིའི་ཁྱད་པར་དང་ཐུན་མིན་གྱི་ཁྱད་ཆོས།བརྟག་ཐབས་ཀྱི་སྐོར་ནས་ངས་སྔར་བྲིས་ཡོད་ལ་རྒན་ཚངས་དབང་དགེ་འདུན་ལགས་ནས་ཀྱང་བྲིས་ཡོད་པས་དེར་གཟིགས་ན་གོ་བར་ནུས་ཀྱང་འོག་ནས་ངས་གཟི་ཡི་བརྟག་ཐབས་དེ་པར་རིས་ཀྱི་ལམ་ནས་ཅུང་གསལ་པོར་བཀོད་ན་བཟང་གི་འདོད། བརྟག་ཐབས་ནི་གཟི་ལ་བློ་ཁ་ཕྱོགས་མཁན་ཡོངས་ལ་ཉེ་བར་མཁོ་བ་ཞིག་རེད།
ཕོ་གཟི་དང་མོ་གཟི་ནི་གཟི་བཟོ་བྱེད་ཀྱི་རྒྱུ་ཆ་ཁམས་དྭངས་པ་ལ་མོ་གཟི་དང་འཐིབས་པ་ལ་ཕོ་གཟི། འཇམ་པ་ལ་མོ་གཟི་དང་རྩུབ་པ་ལ་ཕོ་གཟིའི་དབྱེ་བ་པ་ཊྲ་ཀ་ཞེས་རིག་པ་བཟོ་ཐམས་ཅད་ཀྱི་རྒྱུད་ལས་གསུངས་ཡོད།གཟི་རྙིང་ཡིན་པ་བརྟག་ཚུལ་ནི་དེང་གི་ཆ་ལ་ཧ་ཅང་མཁོ་སྟེ་མང་པོ་ཞིག་གིས་དུས་རབས་ཀྱི་གཟི་ལ་དམར་ཚགས་ཙམ་ཡོད་པ་རྒྱུ་མཚན་དུ་བྱས་ནས་རིན་པོ་ཆེ་གཟི་ཡིན་ཞེས་རྫུན་གྱིས་བསླུ་བ་གང་མང་ཡོད་པས་རང་གིས་གཟི་རྙིང་གི་ཁྱད་ཆོས་ཤེས་རྒྱུ་གལ་ཆེ་བས་གཤམ་དུ་པར་རིས་ཀྱི་ལམ་ནས་གཟི་བརྟག་པའི་ཚུལ་རགས་ཙམ་འགོད་དོ། །ལུས་ཚད་ཟེར་པ་ནི་གཟི་ཡི་ལྟོ་བར་སྐུད་པ་དཀྲིས་པའི་རིང་ཚད་གཟི་དེ་ཡི་རིང་ཚད་དང་མཉམ་པོ་ཡོད་པའི་གཟི་ནི་ཚད་ལྡན་ནམ་ཆེས་ལེགས་པར་གནའ་མྱི་ཚོས་འདོད། རྒྱུ་མཚན་ཐང་ག་བཞེངས་པ་ལ་ཐིག་རྩ་ཚད་དང་ལྡན་པ་དགོས་པ་ནང་བཞིན་གཟི་བཟོ་པོས་ཀྱང་དེ་ལྟར་ལུས་ཚད་དང་མཐུན་པའི་གཟི་ནི་མཆོག་ཏུ་གྱུར་པ་ལ་བརྩི་སྲོལ་འདུག ། དེའི་ཕྱིར་གཟི་རྙིང་ཡིན་མིན་ལུས་ཚད་ལ་བརྟག་མཁན་ཡང་ཡོད།རྩ་རིས་ནི་གཟི་བཟོ་པའི་སྐབས་སུ་སྐྱོན་ཤོར་ཏེ་རི་མོ་དང་ཁ་དོག་ལ་བསྣོལ་མཚམས་ལྟ་བུ་ཡོད་པའམ་ཤ་གསེང་ལ་རྩ་རིས་ཡོད་པ་ལྟར་མཆོང་རིས་ལྟ་བུ་ཡོད་པ་དེ་ལ་ཟེར། འདིའི་རིགས་གཡང་གཟི་རུ་འདོད། དེང་གི་གཟི་གསར་ལའང་རྩ་རིས་དང་མཆོང་རིས་ཀྱི་ཚུལ་བཟོས་པ་དང་ཡོད་པ་མང་ནའང་ལེགས་པར་བརྟག་ན་མི་འདྲ་བའི་ཁྱད་པར་ཆེན་པོ་ཡོད།གཟི་རྡོ་ལ་རྡོ་ཤེལ་སོགས་ལ་རྡོ་སྲུབ་ཡོད་པ་ནང་བཞིན་གྱི་སྲུབ་ཀ་ཡོད་པ་ལ་ཟེར་མོད། འོན་ཀྱང་གཏེར་རྡོ་དངོས་ཡིན་པའི་རྡོ་སྲུབ་ཅན་གྱི་གཟི་གསར་ཀྱང་ཡོད་པས་རྡོ་སྲུབ་ཡོད་པ་ཙམ་གྱིས་རྙིང་པ་ཡིན་མིན་ཐག་ཆོད་དཀའ་ནའང་རྡོ་སྲུབ་ལས་གཟི་ཡི་རྒྱུ་བ་ལ་བརྟག་པར་ཕན་ཐོགས་ཡོད།གཟིའི་བུ་ག་དྲང་མོ་མ་ཡིན་པར་འཁྱོག་ཡོད་པའམ་སྦུག་ཁུང་དུ་ཉུག་འཕེང་གོང་འགབ་འཆོལ་ཡོད་པ་ལ་ཟེར། འདི་ནི་གཟི་རྙིང་གི་བུ་ག་སྔོན་ཆད་མིའི་རང་གི་ལག་རྩལ་ཀྱིས་ཕུག་པས་དྲང་མོ་འོང་དཀའ་བས་རྐྱེན་གྱིས་གཟི་རྙིང་ཕལ་ཆེར་ལ་ཉུག་འཕྲེང་ཡོད་ནའང་དེང་གི་དུས་འཕྲུལ་ཆས་ལས་ཉུག་བུ་ཅི་འདོད་ལྟར་ཕུག་ཆོག་པས་ཡིད་རྟོན་མེད་ནའང་སྔོན་གྱི་ལག་བཟོའི་བུ་ག་ཕུག་ཚུལ་དུ་བུ་གའི་ནང་དུ་ཟོར་སྐོར་པ་ལྟ་བུའི་བུག་རིས་ཤིག་སེ་ཡོད་མེད་དང་བསྡུར་བ་བྱས་ནས་བརྟག་ན་ཤེས། དམར་ཚགས་ནི་གཟི་རྡོའི་ངོས་སུ་གྲུབ་པའི་དམར་ཐིགས་སམ་སིམ་དེ་ལ་ཟེར། འདི་ནི་གཟི་རྙིང་ལ་རང་བྱུང་དུ་གྲུབ་པ་དང་གཟི་བཟོ་བའི་རྫས་ལས་གྲུབ་པ་ཅི་རིགས་ཡོད་པར་སྣང་ཡང་། གཟི་གསར་ལའང་དམར་ཚགས་ཆ་འདྲ་བ་ཧ་ལས་པ་བཟོས་འདུག་ནའང་ཞིབ་པར་བལྟས་ན་ཆེད་དུ་བཟོས་པ་དང་ལྷུན་གྱིས་གྲུབ་པ་གཉིས་ཀྱི་སྣང་ཚུལ་དང་གྲུབ་ལུགས་མི་འདྲ་ཚུལ་ནི་རིམ་གྱིས་སིམ་པའི་ཆ་དང་སྦྱར་བཟོའི་ཚུལ་ལ་ལྟ་ཐུབ་དགོས་པ་དང་བུ་གའི་ནང་དུ་རྡོ་ལ་དམར་ཚགས་ཡོད་མེད་སོགས་ལ་ལྟ་དགོས། འོན་ཀྱང་དེང་གི་ཆར་རྡོ་ལ་རང་བྱུང་གི་དམར་ཚགས་ཡོད་ཙམ་ནས་རྙིང་པ་ཡིན་པར་ཁ་ཚོད་གཅོད་པ་ལ་ད་དུང་བསམ་གཞིག་བྱེད་དགོས་པ་ཞིག་ཀྱང་སྲིད་དེ་དམར་ཚགས་ཟེར་བ་སྟེ་གཟི་རྡོ་མ་ཡིན་པའི་རྡོ་གཞན་ལའང་ཡོད་ཆོག་པ་ཞིག་རེད་དོ། །གཟི་ཕུད་ནི་གཟི་རྙིང་གི་རིགས་མང་པོ་ཞིག་གི་སྟེང་དུ་སྨན་དང་གཡང་རྫས་སོགས་སུ་བླངས་པའི་ཤུལ་ཀོང་ཡོད་པ་དེ་ལ་ཟེར། གཟི་རྫུན་རྙིང་ལས་ཅན་གྱི་ཁྲོད་ནའང་དེ་དང་ཆ་འདྲ་གཟི་ཕུད་ཀྱི་ཤུལ་ཀོང་འདྲ་བཟོ་བྱས་པ་ཡོད་ནའང་གཟི་རྙིང་གི་ཕུད་ཤུལ་ཀྱི་དཀར་ནག་རིས་ཀྱི་རྩི་ཡི་ཟབ་ཚད་དང་གཟི་ཕུད་ཤུལ་ཀྱི་ཟུར་དང་ནང་གི་འཇམ་ཤ་དང་སྣུམ་ཁ་ལས་གསར་པ་དག་དང་མི་འདྲ་བའི་ཁྱད་ཆོས་མང་པོ་མཐོང་དུ་ཡོད།གཟི་རྩི་ནི་གཟི་རྙིང་རིགས་ས་འོག་གམ་ཡང་ན་གཟུངས་གཞུག་དང་གཡང་མཛོད་དུ་ཉར་བའི་རིགས་ལ་རང་བྱུང་གི་འགྱུར་བ་ལས་བྱུང་པའི་གཟི་ཡི་འབྱར་དངོས་ལ་ཟེར། གཟི་རྩི་འདི་ནི་བལྟས་ཚོད་ཀྱིས་འབྱར་དངོས་དེ་ཕར་སྦྱར་པ་ལྟ་བུ་མ་ཡིན་པར་རྩི་དེ་ཚུར་འཐོར་ལ་ཉེ་བའམ་ཅུང་རྩུབ་པའི་རྣམ་པ་ཅན་དུ་ཡོད་ལ་མིས་བཟོའི་གཟི་རྩི་ནི་ཕར་ལ་སྦྱར་བའི་ངང་ཚུལ་གསལ་པོ་ཡོད་པ་ཅན་ཞིག་ཏུ་སྣང་། དེ་མིན་སྐམ་ས་དང་བརླན་ས་ལས་བྱུང་བའི་གཟི་ལ་རྩི་ཆགས་ཚུལ་ཀྱི་རྣམ་པ་ལའང་མི་འདྲ་བའི་ཁྱད་པར་ཆེན་པོ་ཡོད་འདུག །![]()
གཟི་རྩི་དང་སྤྲིན་རིས་སམ་ན་བུན་ནི་ཅུང་མི་འདྲ་བར་སྣང་སྟེ་སྤྲིན་རིས་སམ་ན་བུན་ནི་རང་བྱུང་གི་འགྱུར་བ་ལས་བྱུང་པའི་གཟི་རྡོའི་གསེང་ལ་དམར་ནག་རིས་དང་མཉམ་པོར་འཐིམ་པའི་ན་བུན་གྱི་མདོག་དང་འདྲ་བ་གཟི་ལ་སྣུམ་ཁ་ཇི་ལྟར་ལྡན་པ་ལྟར་སྤྲིན་རིས་ལའང་སྣུམ་ཁ་དོད་པ་དང་། རྣམ་པ་ཀུན་ཏུ་ཡལ་རྒྱུ་མེད་པར་གཟི་རྡོ་ལ་སིམ་པའི་གཟི་ཡི་གྲུབ་རྫས་དང་གཟི་དང་ལྷན་དུ་གནས་པའི་རྫས་སྣ་གཞན་པའི་བར་ཀྱི་རང་བྱུང་འཕོ་འགྱུར་ལས་བྱུང་བའི་ན་བུན་དང་འདྲ་བར་རང་བྱུང་དུ་གྲུབ་པ་ཞིག་ཡིན། ཁྱད་ཆོས་འདི་ཡིས་གཟི་མཆོང་རྙིང་པ་ཡིན་པ་བདེན་ཐག་ཆོད། རྒྱུ་མཚན་རང་བྱུང་གི་ན་བུན་དང་མི་བཟོས་ན་བུན་གཉིས་ནི་དངོས་འབྱེད་སླ་པ་མ་ཟད་རང་བྱུང་གི་ན་བུན་ཆགས་པ་ལ་མི་ལོ་ཧ་ཅང་གི་མང་པོ་འགོར་དགོས་ལ་གཟི་རྙིང་གང་ཞིག་ས་ཆུ་ཁོ་ན་ལ་འཕྲད་པ་ཙམ་གྱིས་ན་བུན་དེ་ཆགས་མི་ཐུབ་པར་དྲོ་གྲང་གི་འགྱུར་བ་ལྟར་རྫས་གཞན་ལ་རུལ་སྐྱུར་སོགས་ཀྱི་རྣམ་པ་ཅན་ཞིག་འཕྲད་དེ་མི་ལོ་མང་པོ་ལ་མཉམ་དུ་གནས་པ་ན་ད་གཟོད་གྲུབ་དགོས་པ་ཞིག་ཡིན་པས་ན་བུན་ཅན་གྱི་གཟི་མཆོང་སོགས་ཅུང་དཀོན་པ་མ་ཟད་རྙིང་པ་ཡིན་པའང་དེ་ཡིས་འབྱེད་ཆོག །![]()
མིའི་ལུས་རྒྱན་སོགས་ལ་བཀོལ་བའི་གཟི་རྙིང་གི་རིགས་དེའི་སྣེ་ཟད་ཡོད་པས་རྙིང་པར་དངོས་འཛིན་གྱི་ཡོད། འོན་ཀྱང་དེང་གི་ཆ་ལ་གཟི་རྫུན་གྱི་སྣེ་ལ་བལྟས་ན་ཧ་ཅང་ཟད་པའི་རྣམ་པ་ཅན་མང་པོ་བཟོས་ཡོད་པས་ལེགས་པར་བརྟག་དགོས། གཟི་རྙིང་གི་སྣེ་ཟད་པ་ལ་ཧ་ལས་པའི་འཇམ་ཤ་ཡོད་པ་མ་ཟད་དེ་མཚུངས་ཀྱི་གཟིའི་རྒྱབ་དངོས་ཀྱི་མདངས་དང་ཟད་ཤུལ་ཀྱི་རི་མོའི་ཁ་མདོག་གི་རྣམ་པ་བཅས་ལ་ཞིབ་པར་བསྡུར་ཏེ་དཔྱད་ན་ཆེད་བཟོས་དང་རིམ་གྱིས་འགྱུར་བའི་གོ་རིམ་གྱི་བར་ན་མི་འདྲ་སའི་ཁྱད་པར་མང་པོ་ཞིག་མཐོང་ཡོང་ལ་ཟད་ཤུལ་མཚམས་ཀྱི་དཀར་ནག་འདྲེས་མཚམས་སུ་བལྟས་ན་དཀར་ནག་གི་རྩི་རྡོ་ལ་སིམ་པའི་ཆ་དང་ཕབ་པའི་ཆ་བཅས་ལ་ཞིབ་བསྡུར་བྱེད་རྒྱུ་མང་པོ་ཡོད། དེའི་ཕྱིར་གཟི་རྙིང་དང་མིག་འདྲེས་པ་གལ་ཆེ་ཞེས་གསུངས་པ་རེད་སྙམ།![]()
![]()
སྤྱིར་གཟི་རྙིང་གི་རིགས་དེ་ནི་གཟི་རྡོ་རང་གི་ཁྱད་ཆོས་སམ་གཟི་བཟོ་བའི་རྫས་ཀྱི་ཁྱད་པར་གང་ཡིན་ཐག་ཆོད་དཀའ་ནའང་མིའི་ལུས་ལ་བཏགས་པ་ན་སྣུམ་ཁ་དང་བཅས་པའི་མདངས་ཞིག་ཤར་བ་དེ་ལ་ཟེར། གཟི་རྙིང་གི་སྣུམ་འོད་དང་གཟི་གསར་རམ་རྙིང་བསྒྱུར་རིགས་ཀྱི་གཟི་གཉིས་ཀྱི་སྣུམ་འོད་གཉིས་ནི་ཞིབ་པར་དཔྱད་ན་འོད་གཉིས་ལ་སྣུམ་ཁ་ཡོད་པ་འདྲ་བར་སྣང་ནའང་སྣུམ་འོད་དེ་གཉིས་གཟི་རྡོའི་གསེང་ལ་ཟུག་དང་མ་ཟིག་གི་ཁྱད་པར་ཡོད་པ་ནི་གཟི་གསར་རྙིང་གཉིས་གཤིབ་ནས་ལྟས་ན་ཡུན་གྱིས་ཤེས་ཐུབ་པ་ཞིག་ཡོང་སླ།༡༠ བོད་གཟིའི་ཁྱད་ཆོས་ཅུང་གླེང་བ།བརྟག་ཐབས་འདི་དག་ཤེས་པ་ཙམ་གྱིས་རིན་པོ་ཆེ་གཟི་ཡི་དག་རྫུན་འབྱེད་དཀའ་ནའང་ཐབས་དེ་དག་ལ་གཞི་བཅོལ་ཏེ་གཟི་རྙིང་ལ་མིག་འདྲེས་པར་བྱས་ན་སྔོན་བྱོན་མེས་པོའི་ལག་རྩལ་དང་ཤེས་རབ་ལས་བྱུང་བའི་རིན་པོ་ཆེ་གཟི་ནི་གནའ་མིའི་བཟོ་བསྐྲུན་གྱི་སྒྱུ་སྩལ་དང་གཟི་རིས་ཕབ་ལུགས་ཀྱི་རྒྱུ་ཆ། ད་དུང་ངོ་མཚར་པའི་གཟི་རིས་ཕབ་སྟངས་ཀྱི་ལག་རྩལ་བར་ཀྱི་མཆོག་དམན་དང་གཟི་རིས་རེ་རེའི་ནང་དོན་དང་དགོས་པ་མི་གཅིག་པ་སོགས་བརྗོད་ཀྱིས་མི་ལོངས་པ་གང་མང་ཞིག་གིས་འདས་ཟིན་པའི་དུས་རབས་ཞིག་གི་ལོ་རྒྱུས་ཀྱི་ནང་བསམ་པའི་ཤེས་ཡོན་དང་ཕྱི་དངོས་པོའི་རང་བྱུང་འཕྲོ་འདུ་ཡི་འགྱུར་བག་རྟོགས་པའི་རྨད་བྱུང་བཟོ་བསྐྲུན་གྱི་རྡོ་རིང་དུ་གྱུར་ཡོད་པ་ནི་དེང་གི་དུས་སུ་གཟི་རྙིང་གི་ཕན་ནུས་ལྟ་ཅི་གྲུབ་ཆ་དང་བཟོ་བསྐྲུན་སྒྱུ་རྩལ་ལའང་ཧ་ལས་པའི་གནས་སུ་གྱུར་ཡོད་པའི་རྒྱུ་མཚན་ཤེས་པར་ནུས་པ་མ་ཟད་བོད་ཀྱི་ངག་རྒྱུན་ལ་མི་མ་ཡིན་གྱིས་བཟོས་པ་རེད་ཟེར་པ་ལ་ཁེག་མེད་ནའང་མིས་བཟོས་པ་ཡིན་པར་འདོད་ཅེས་ཤར་ནུབ་ཀྱི་གཟི་ཡི་ཆེད་མཁས་པ་ཚོས་ལབ་དགོས་བྱུང་ཡོད། གཟི་རྫུན་ཇི་འདྲ་བཟོས་ནའང་གཟི་རྙིང་དང་ནོར་ཐབས་མེད་ལ་བསྡུར་ཐབས་དེ་བས་ཀྱང་མེད་པ་མ་ཟད། རིན་པོ་ཆེ་གཟི་ཡི་ཁྱད་ཆོས་མཆོག་ཏུ་གྱུར་པ་འགྲན་ཟླ་དང་བྲལ་བ་ནི་ཕན་ནུས་ཀྱི་ཁྲོད་ན་ཡོད་པ་དང་། གཟི་རིས་ཀྱི་གསེང་ན་ཆེས་ཕུན་སུམ་ཚོགས་པའི་དགེ་མཚན་ལྡན་པའི་ལོ་རྒྱུས་དང་རིག་གནས་སྒྲུང་ལྡེའུ་ཡི་ཚུལ་དུ་མངོན་པའི་གཏམ་རྒྱུད་གང་མང་ཡོད་པས་སྔོན་བྱོན་མེས་པོ་ཚོའི་རྣམ་དཔྱོད་དང་མཁྱེན་རྒྱ་ནི་ཟབ་ཅིང་བརླིང་པར་བརྗོད་ནས་ཡོད།ད་དུང་གཟིའི་ཁྲོད་ན་ཆེས་དམིགས་བསལ་པ་དང་ཁྱད་ཆོས་ལྡན་པའི་བཟོ་བསྐྲུན་སྒྱུ་རྩལ་དང་གྲུབ་ཆའི་རྫས་ཀྱི་གསང་པ་མི་ཉུང་པ་ཞིག་ཀྱང་ཡོད་པ་མ་ཟད་རྣམ་སྲས་འགྱུར་གཟི་ཞེས་པའི་ཧ་ཅང་གསང་པའི་གཟི་ཡི་རིགས་ཞིག་ཀྱང་ཡོད་པ་བོད་མིའི་བཟོ་གསོའི་རིག་གཞུང་དང་ངག་རྒྱུན་མཁས་པའི་དཔྱད་རྩོམ་ཁག་ཏུ་འང་མངོན་པར་གསལ་པ་བཞིན་བྱིན་རླབས་ཀྱི་མཐུ་དང་ལྡན་ལ་ངོ་མཚར་བའི་འགྱུར་རིས་དང་ལྡན་པ་ཞིག་ཀྱང་ད་དུང་མཐོང་དུ་ཡོད་པ་ནི་བོད་གངས་ཅན་པས་གཟི་ལ་གནའ་ནས་ད་བར་དུ་ཡིད་བཞིན་གྱི་ནོར་བུ་ཞེས་བསྙད་པ་དོན་དང་མཐུན་པའི་བདེན་རྟགས་གསོན་པོ་ཞིག་ཀྱང་ཅི་ལ་མིན་ནམ་སྙམ། དཔེ་འདི་བཞིན་དུ་ང་ཚོ་བོད་ཀྱི་གཞོན་སྐྱེས་ཚོས་མེས་པོའི་ཤུལ་བཞག་རིག་དངོས་ཡོད་ཚད་ཀྱི་བདེན་རྫུན་དང་གནས་ལུགས་ཀྱི་ངེས་དོན་མ་བརྙེད་བར་དུ་ཡོད་ཚད་ལ་གསར་བརྗེ་ཡི་བསམ་བློ་འཁོར་བཞིན་པ་དེ་ཡང་ཉེན་ཁ་ཅན་མིན་པའི་ངེས་པ་གཏད་ནས་མི་འདུག་པས་ལེགས་པར་དཔྱད་པར་འཚལ་ལོ་ཞེས་བཤད་འདོད་བྱུང་།གཟི་ཉར་ཚགས་དང་བཀོལ་སྤྱོད་ཀྱི་རིན་ཐང་།རིན་པོ་ཆེ་གཟི་རང་སྟེང་ནས་ཉར་ཚགས་ཀྱི་རིན་ཐང་ཇི་ལྟར་ཡོད་པ་གོང་དུ་བརྗོད་པའི་ཁྱད་ཆོས་ལས་སླ་བར་གོ་ནུས་མོད་དེ་ལྟ་བུའི་རིན་ཐང་སྔོག་འདོན་ཐུབ་མིན་དེ་བོད་ཀྱི་གཟི་ཚོང་བའི་སྡེ་དང་གནའ་དཔྱོད་པ་དང་ཞིབ་འཇུག་པའི་སྡེ་མཉམ་འབྲེལ་ཁོ་ན་ལ་རགས་ལས་ཡོད།དེ་ལ་གནའ་དཔྱོད་ཞིབ་འཇུག་དང་། རྒྱན་ཆ། རྟེན་བསྲུང་། བཤམ་སྟོན་སོགས་ཀྱི་བཀོལ་སྤྱོད་རིན་ཐང་གཞལ་མེད་ལྡན་སྙམ།ང་ཚོ་བོད་པ་རྣམས་གཟི་འདོགས་པར་ཧ་ཅང་དགའ་བ་དང་དེ་ལ་ཕན་ནུས་གང་འདྲ་ཡོད་པ།མི་སུའི་ལུས་ལ་བཏགས་ན་རྒྱན་ཆ་དང་ལུས་སྲུང་རིན་ཐང་ལྟ་བ་ལ་སོགས་པའི་ཁྱད་ཆོས་དམིགས་བསལ་བ་ཡོད་པ་མ་ཟད། ལོ་རྒྱུས་དང་རིག་གནས་ཀྱི་རིན་ཐང་ཚད་ལྡན་གླེང་ནུས་པ། དཔལ་འབྱོར་འཁོར་རྒྱུག་གི་རིན་ཐང་ཡང་བློ་ཡིད་ལས་འདས་པ་ཡོད་སྲིད་པ། ཚོང་ལས་ཅན་དུའང་བསྒྱུར་ཆོག་པ་ནི་གནའ་རྫས་ལ་རྟེན་པའི་དཔལ་འབྱོར་རིན་ཐང་གི་ཐབས་ལམ་མཆོག་ཏུ་གྱུར་ཡོད་པས་ད་ལྟ་བོད་མ་ཟད་རྒྱལ་ཕྱི་ནང་གི་མཐོ་རིམ་པ་ནས་བཟུང་ཧ་མང་པོས་དགའ་བོ་བྱེད་ཀི་ཡོད།གནའ་མི་ཚོས་གཟི་ཡི་གྲུབ་རྫས་དང་གཟི་བཟོ་བོའི་ནུས་མཐུ་བྱིན་རླབས་ལ་དད་འདུན་གྱིས་གཡང་དང་བསྲུང་འཁོར་ཀྱི་ཚུལ་གྱིས་ཡིད་བཞིན་ནོར་བུ་རུ་མཐོང་ནས་འཛམ་གླིང་གཡས་འཇོག་གི་ཁྱིམ་བརྒྱུད་ནོར་བུ་རུ་སྒོམ་ནས་དགའ་མོས་བྱས་འདུག། འོན་ཀྱང་གཟི་ཡི་ནང་དུ་ཚོང་གཟི་སོགས་ཀྱི་དབྱེ་བ་ཡོད་པའང་རྟོགས་རྒྱུ་གལ་ཆེན་རེད་འདོད།ད་སྔའི་བོད་ཀྱི་གནའ་རྫས་ཚོང་བ་ཕལ་ཆེ་བས་རིག་དངོས་ཀྱི་ལོ་རྒྱུས་རིན་ཐང་མ་རྟོགས་པས་ཕམ་ཚོང་ཧ་ཅང་ཆེན་པོ་བྱས་མྱོང་བ་མ་ཟད་བོད་ཀྱི་རྒྱུ་དངོས་རྩ་ཆེན་མང་པོ་ཞིག་ལ་བདག་པོ་མ་ཐུབ་པའི་གནད་དོན་དེ་ལ་ཐུག་འདུག་སྙམ་པས་གནའ་རྫས་ཚོང་བ་ཚོས་ངེས་པར་དུ་ལོ་རྒྱུས་རིག་དངོས་ལ་སྦྱོང་བ་གལ་ཆེན་རེད་འདོད། ཀིར་སྒར་འཇིགས་མེད་དང་ལྟག་ཨོ་རྒྱན་ཆོས་འཕེལ་རིན་པོ་ཆེ།
རིན་པོ་ཆེ་གཟིའི་སྐོར་གྱི་ཆེད་རྩོམ་ཐོག་མའི་དབུ་དབྱེད་མཛད་སྒོ།༼རིན་པོ་ཆེ་གཟི་ལ་རྣམ་པར་དཔྱད་པ་ཡང་སྙིང་བསམ་འཕེལ་ནོར་བུའི་རང་མདངས༽་ཞེས་པའི་དཔེ་དེབ།ཁྱེད་ཀྱིས་བརྩམས་པའི་༼རིན་པོ་ཆེ་གཟི་ལ་རྣམ་པར་དཔྱད་པ་ཡང་སྙིང་བསམ་འཕེལ་ནོར་བུའི་རང་མདངས༽་ཞེས་པའི་དཔེ་དེབ་འདི་ངོ་སྤྲོད་ཞིག་གནང་རོགས། ངས་རིན་པོ་ཆེ་གཟིའི་སྐོར་ཀྱི་དཔྱད་རྩོམ་དེབ་ཞིག་འབྲི་ཐུབ་པའང་གཟི་རྒྱལ་ཁྱུང་པོ་འོད་འབར་ཀྱི་དངོས་གྲུབ་ཡིན། དེ་ལ་རྟེན་ནས་ངས་སྔོན་བྱོན་མཁས་པའི་གསུང་པ་ལྟར་ཀྱི་གཟི་ཡི་དགེ་མཚན་ཅི་སྙེད་ཅིག་ལ་ར་འཕྲོད་བྱུང་བར་རྟེན་ངས་གཟིའི་རིག་གནས་དང་འབྲེལ་བའི་ལམ་ནས་རིག་གནས་ཞིག་གི་དགེ་མཚན་གཞོན་རབས་པ་ཚོ་ལ་མཁོ་སྤྲོད་ཐུབ་ཆེད་དུ་བྲིས་པ་ཡིན།出生于青海省尖扎县,从小对藏文化极为喜爱,也为其投入了巨大的热情和精力。近几年来一直致力于古今藏文化的研究事业,对这一领域也有一定的理解和掌握。未来也将不断地探究与学习藏文化,并在此领域打造出一片属于自己的研究天地。托岗高原黑青稞饼
点击图片可进入小程序了解
▼
![]()
牦牛奶雪花酥
点击图片进入小程序了解
▼
![]()
སྣང་གསར་ཐང་གའི་སྲོལ་གཏོད་པ་པོ། ▎ལྟག་ཨོ་རྒྱན་ཆོས་འཕེལ།
བོད་ཡུལ་རྐང་གྲུག། ༼ཕོར་བ།༽དུས་དེབ་གཙོ་སྒྲུབ་པ། ▎གནམ་ལྷ་ཚེ་རིང་།![]()
ཆུང་དུས་སུ་ཨ་ཕའི་ཤུགས་རྐྱེན་ཐེབས་པའི་རི་མོ་བ། ▎འཇུ་རབ་གསལ།རྨི་ལམ་ལག་བྲིས་མ།| སྒྱུ་རྩལ་པ་འབྲིང་བ་བཀྲ་ཤིས་དོན་གྲུབ།
པར་ཆས་འཁུར་བའི་འབྲོག་པ། ▎པར་བ་མགོན་པོ་ཚེ་རིང་།
གད་སྙིགས་བཏུས་ནས་དམངས་སྲོལ་བཤམས་སྟོན་ཁང་འཛུགས་མཁན།བོད་སྐད་ཀྱི་ཐད་སྦྲེལ། CHARU1607
Go to "Discover" > "Top Stories" > "Wow"