米拉日巴
1
རྗེ་མི་ལའི་རྣམ་མགུར་ལས༼བསམ་པ་རྫོགས་པའི་མགུར༽
དེ་ནས་ཞག་འགའ་ནས། མཛེས་སེས་ཤ་མར་རྙིང་བ་དང་། རྩམ་ཆང་བཟང་ལ་མང་བ་ཁྱེར་ཏེ་པེ་ཏ་དང་གཉིས་ཀ་འཕྲད་དུ་བྱུང་བ། ང་ཆུ་ལེན་དུ་ཕྱིན་པ་དང་ཐུག་སྟེ། །ང་ལ་གོས་མེད་པར་སྔོ་ཧྲེང་ཧྲེང་འདུག་པ་དེ་མཐོང་ནས། གཉིས་ཀ་ངོ་ཚ་རུང་མ་ཕོད་པར་ངུ་ཞིང་འདུག དེ་ནས་ཤ་མར་དང་ཕྱེ་ཕུལ་ཆང་དྲངས་པ་འཐུང་བའི་བར་ལ། པེ་ཏ་ན་རེ། ད་ཨ་ཇོ་ལ་གང་ནས་བལྟས་རུང་མིའི་མིང་རང་མི་འདུག་པས། བསོད་སྙོམས་རེ་མཛོད་ལ། མི་ཟས་དུམ་རེ་གསོལ། ངས་ན་བཟའ་ཞིག་ཅི་འབྱོར་བྱས་ལ་འབུལ་དུ་འོང་ཟེར། མཛེས་སེ་ན་རེ། འཚོ་བའི་བསོད་སྙོམས་རེ་ཅིས་ཀྱང་མཛོད། ན་བཟའ་ཞིག་ངས་ཀྱང་འབུལ་དུ་འོང་ཟེར་བས། ངས་ད་ནམ་འཆི་ཆ་མེད་ལ་བསོད་སྙོམས་བྱས། འཚོ་བ་སྒྲུབ་པའི་ལོང་དང་དོན་མེད། གྲང་གྲིར་ཤི་ཡང་ཆོས་ཕྱིར་ཡིན་པས་འགྱོད་རྒྱུ་ཆུང་། སྒྲུབ་པ་བློས་བཏང་ནས། འབད་པའི་བསྒྲུབས་པའི་ལྟོ་ཡོག་ཚད་དང་། གོས་བཟང་པོ་བརྩེགས་ནས་གྱོན་པའི་མདུན་དུ། གཉེན་དང་དགའ་གྲོགས་འཚོགས་ནས་བག་མེད་ཀྱི་བཟའ་བཏུང་དང་བཞད་གད་བྱེད་པའི་ཆོས་དེས། ངའི་བསམ་པ་མི་རྫོགས་པས། ཁྱེད་ཀྱི་གོས་དང་འོང་མཁན་ཡང་མི་དགོས། ཁ་ལ་ཡང་མི་ཉན་པས། བསོད་སྙོམས་ཀྱང་མི་བྱེད་བྱས་པས། པེ་ཏ་ན་རེ། འོ་ན་ཨ་ཇོའི་བསམ་པ་ཇི་འདྲ་ཞིག་གིས་རྫོགས་པ་ཡིན། འདི་ལས་ཀྱང་སྡུག་པ་ཞིག་གིས་རྫོགས་པ་འདུག་སྟེ། བྱ་ཐབས་རང་མེད་དམ་ཟེར་བ་ལ། ངའི་འདི་བས་ངན་སོང་གསུམ་བསམ་གྱིས་མི་ཁྱབ་པའི་སྡུག་སྟེ། སྡུག་དེ་མྱོང་ཐབས་བྱེད་པའི་སེམས་ཅན་རང་མང་བར་གདའ། ངའི་བསམ་པ་འདི་ལྟ་བུ་ཞིག་གིས་རྫོགས་པ་ཡིན་བྱས། བསམ་པ་རྫོགས་ལུགས་ཀྱི་མགུར་འདི་བླངས་སོ། །
རྗེ་བླ་མའི་སྐུ་ལ་གསོལ་བ་འདེབས། །
སྤྲང་རི་ཁྲོད་ཟིན་པར་བྱིན་གྱིས་རློབས། །
ང་སྐྱིད་པ་གཉེན་གྱིས་མ་ཚོར་ཞིང་། །
སྡུག་པ་དགྲ་ཡིས་མ་ཚོར་བར། །
རི་ཁྲོད་འདི་རུ་འཆི་ནུས་ན། །
རྣལ་འབྱོར་བསམ་པ་འགྲུབ་པ་ཡིན། །
རྒས་པ་གྲོགས་ཀྱི་མ་ཚོར་ཞིང་། །
ན་བ་སྲིང་མོས་མ་ཚོར་བར། །
རི་ཁྲོད་འདི་རུ་འཆི་ནུས་ན། །
རྣལ་འབྱོར་བསམ་པ་འགྲུབ་པ་ཡིན། །
ཤི་བ་མི་ཡིས་མ་ཚོར་ཞིང་། །
རོ་རུལ་བྱ་ཡིས་མ་མཐོང་བར། །
རི་ཁྲོད་འདི་རུ་འཆི་ནུས་ན། །
རྣལ་འབྱོར་བསམ་པ་འགྲུབ་པ་ཡིན། །
ཤ་རུལ་སྦྲང་མས་འཇིབ་པ་དང་། །
རྩ་རྒྱུས་འབུ་ཡིས་ཟ་བ་རུ། །
རི་ཁྲོད་འདི་རུ་འཆི་ནུས་ན། །
རྣལ་འབྱོར་བསམ་པ་འགྲུབ་པ་ཡིན། །
ང་སྒོ་ན་མི་རྗེས་མེད་པ་དང་། །
ནང་ན་ཁྲག་རྗེས་མེད་པ་རུ། །
རི་ཁྲོད་འདི་རུ་འཆི་ནུས་ན། །
རྣལ་འབྱོར་བསམ་པ་འགྲུབ་པ་ཡིན། །
རོ་ལ་འཁོར་མི་མེད་པ་དང་། །
ཤི་ན་ངུ་མི་མེད་པ་རུ། །
རི་ཁྲོད་འདི་རུ་འཆི་ནུས་ན། །
རྣལ་འབྱོར་བསམ་པ་འགྲུབ་པ་ཡིན། །
ང་གར་སོང་འདྲི་མི་མེད་པ་དང་། །
འདིར་སོང་གཏད་སོ་མེད་པ་རུ། །
རི་ཁྲོད་འདི་རུ་འཆི་ནུས་ན། །
རྣལ་འབྱོར་བསམ་པ་འགྲུབ་པ་ཡིན། །
མི་མེད་ལུང་པའི་བྲག་ཕུག་ཏུ། །
སྤྲང་པོ་འཆི་བའི་སྨོན་ལམ་འདི། །
འགྲོ་བའི་དོན་དུ་ཐེབས་པར་ཤོག །
ཐེབས་ན་བསམ་པ་རྫོགས་པ་ཡིན། །
ཞེས་གསུངས་སོ།།
གོང་གི་མགུར་དེ་ལ་མགུར་རྟ་མི་འདྲ་བ་ཁ་ཤས་ཡོད་ཀྱང་ད་ལན་དབལ་ཤུལ་གསེར་རྟའི་ས་ཁུལ་གྱི་ལུགས་ལྟར་གྱེར་བ་ཡིན་ལ། འདི་ནི་གསེར་རྟའི་སྟོད་ཀྱི་རོགས་བཟའ་སྡེ་བའི་དབལ་ཤུལ་སྒྲུབ་བརྒྱུད་ཟེར་བ་ཞིག་གིས་ངའི་ཕ་སྐུ་རྒྱབ་ཐོ་ལོ་ལ་ཁྲིད་ནས་ཁོང་གིས་ང་ལ་བསླབས་གནང་བ་ཞིག་ཡིན་ནོ།།
ཞེས་པ་འདིའང་ས་སྤྱོད་ཀྱི་ཞིང་སྤོས་ངད་ལྡན་པའི་གྲོང་ཁྱེར་ནས་སྐུ་རྒྱབ་ཚུལ་ཁྲིམས་སྙིང་པོས་སྙན་པའི་དབྱངས་སུ་གྱེར་བ་དང་ཆབ་གཅིག རྒྱབ་ལྗོངས་ཀྱི་འཇམ་སྙན་རོལ་མོ་འདི་ཉིད་དཔལ་ལྡན་འབྲུག་པའི་གནའ་དེང་གི་རོལ་དབྱངས་མཁན་པོ་བཀྲ་ཤིས་དབང་འདུས་མཆོག་གིས་སྒྲིག་བཟོ་བགྱིས་པ་ལགས་སོ། །
1
མགུར་གྱེར་མཁན།
སྐུ་རྒྱབ་ཚུལ་ཁྲིམས་སྙིང་པོ།
关注一下,精彩不停