ཚེ་འབར་སྒྲོན་མེའི་གཟི་འོད།
(རྒྱུའི་རྒྱན)
ནག་ཤུལ་ཚུལ་ཁྲིམས་དཔལ་ལྡན།
བླ་མེད་མི་གཤིས་རྩ་བའི་ལྗོན་བཟང་དང་། །
གཞན་ཕན་མར་ཁུ་མཚོ་མོའི་འོད་འཁྱིལ་པའི། །
མེས་པོའི་རིག་གཞུང་ནོར་བུའི་སྒྲོན་མེ་ཡིས། །
གངས་ལྗོངས་སྟོབས་འབྱོར་རྒྱས་པའི་དཔལ་རྣམས་བསྐྱེད། །
(སྐྱེད་བྱེད་འགྲུབ་པའི་རྒྱུ)
དགེ་བའི་ཆུ་ཁུར་སྟུག་པོས་འཛིན་མའི་ཕང་། །
བརྒྱད་ཟུང་ཡོན་ཏན་བདུད་རྩི་ཡོངས་བྲན་པའི། །
ལེགས་བཤད་གངས་དཀར་འོ་མའི་རྒྱུན་བཟང་གིས། །
ལོག་ལྟའི་མགྲིན་པའི་ངག་ཚིག་ཉམས་པར་བྱས། །
(ཉམས་བྱེད་འགྲུབ་པའི་རྒྱུ)
ཕན་བདེའི་སྣང་བ་འབུམ་གྱི་ཟེར་འགྱེད་ཅིང་། །
བློ་གྲོས་པདྨའི་འདབ་སྟོང་གྲོལ་བྱེད་པའི། །
དབྱངས་གསལ་ཉི་མའི་དཀྱིལ་འཁོར་རྫོགས་པའི་རིས། །
ལོག་ལྟ་ཅན་ལ་མུན་པའི་གོས་སྦྱིན་བྱས། །
(རྣམ་འགྱུར་གྱི་རྒྱུ)
དབྱངས་གསལ་སོ་བཞི་བྲེས་པའི་དར་སྐུད་ལ། །
བཅུ་ཕྲག་ནོར་བུའི་འཕྱང་འཕྲུལ་མཆོད་པ་ཡིས། །
རང་དོན་མི་ཟད་གྲགས་པའི་འོད་སྣང་ཆེ། །
ངང་གིས་སྲིད་པའི་ཁམས་ཀྱི་ཕན་བདེ་གྲུབ། །
(ཐོབ་བྱའི་རྒྱུ)
དད་ལྡན་རྐང་དྲུག་བར་མེད་འཁོར་བ་དང་། །
ཡོན་ཏན་དྲི་བསུང་ཚིམས་མེད་ལྡང་བ་དེས། །
ཤེས་རིག་སྦྲང་རྩི་འཛད་མེད་འཇོ་བ་ཡི། །
རིག་པའི་དཔའ་བོ་འགྲན་མེད་ཡིན་པར་རྟོགས། །
(ཕྱི་ཤེས་བྱེད་ཀྱི་རྒྱུ)
གཞན་ཕན་ཆུ་འཛིན་བསིལ་བའི་ལྷག་བསམ་ཡིད། །
རྟ་ལྗང་བདུན་གྱིས་བཟློག་ཏུ་མི་འགྱུར་ལ། །
དུས་མཐའི་མེ་ཡིས་བསྲེག་ཏུ་མི་བཏུབ་པ། །
རབ་དཀར་གངས་རིའི་མདངས་ཀྱིས་རྟོགས་པར་བྱས། །
(ནང་ཤེས་བྱེད་ཀྱི་རྒྱུ)
འཛིན་མའི་སྤྱི་ཁྱོན་ཞབས་ཀྱིས་མ་བཅགས་ལ། །
ལྷུན་པོའི་རྩེ་མོར་གཤོག་པས་མ་ལྡིང་ཞིང་། །
འདྲ་མིན་དཔེ་ཆའི་ཚལ་དུ་མ་བཞུགས་པར། །
གཙུག་ལག་གནས་ཀུན་རོ་གཅིག་འཛིན་དེ་རྒྱལ། །
(སྔ་ན་མེད་པའི་བྱེད་རྒྱུ)
འདོད་པའི་ཡོན་ཏན་ཆུ་བོའི་བཞུར་རྒྱུན་ཉམས། །
ཆོས་བརྒྱད་གྲགས་པ་དོན་གཉེར་མེ་རླབས་ཤི། །
སྒྲིབ་གཉིས་མུན་པའི་སྨག་རུམ་ཡལ་གྱུར་པས། །
མཐར་ནི་ཚོགས་གཉིས་ལྗོན་པའི་ཡལ་འདབ་རྒྱས། །
(ཞིག་ནས་མེད་པའི་བྱེད་རྒྱུ)
ཤེས་བྱའི་གཙང་ཆབ་བརླན་དང་གཤེར་བ་བྲལ། །
རིག་པའི་རྐང་དྲུག་ཆགས་སྡང་འཁུན་སྒྲ་དབེན། །
ཐུགས་རྗེའི་ཉིན་བྱེད་ཚ་ཞིང་སྲེག་མེད་པས། །
དེ་ཕྱིར་ཐོས་འདོད་ཚོགས་ཀྱི་ཡིད་རབ་དགའ། །
(ཕན་ཚུན་མེད་པའི་བྱེད་རྒྱུ)
ཟོལ་བསྟོད་ཚིག་གི་ཕྲེང་བའི་ངག་རྟ་སྤངས། །
བེམ་གཟུགས་མཛེས་པར་རྟོག་པའི་ཞེན་ཆགས་བྲལ། །
ཟག་བཅས་འདོད་པའི་ཕུང་པོའི་འཁྲུལ་ཞིག་པས། །
དབྱངས་ཅན་དགའ་མ་སྙིང་གི་ཁབ་ཏུ་ཐོབ། །
(སྤངས་ནས་མེད་པའི་བྱེད་རྒྱུ)
ཤེས་རབ་འོད་སྣང་དཔལ་གྱིས་ཚེགས་མེད་དུ། །
རྨོངས་པའི་སྤྲིན་ནག་མ་བསྲེག་པ་མིན་ན། །
མཁྱེན་པའི་ལྷ་ལམ་ཡངས་པོའི་དཀྱིལ་འཁོར་དུ། །
བགྲང་ཡས་ཤེས་བྱའི་སྐར་ཚོགས་ཅི་ལ་གསལ། །
(རྒྱུ་མེད་པ་ལས་འབྲས་བུ་མེད་པ་སྐྱེད་བྱེད)
མཁྱེན་ལྡན་དམ་པའི་ཐུགས་རྗེའི་འོད་སྣང་གིས། །
ཆེད་དུ་དམིགས་པའི་པད་ཚལ་རྒྱས་མ་ཟད། །
རྒྱང་རིང་ཡུལ་གྱི་བུང་བ་གཞོན་ནུ་ཡང་། །
མ་བོས་ངང་གིས་འདུ་བའི་བདེ་དགའ་བྱིན། །
(རིང་འབྲས་ཀྱི་རྒྱུ)
མཁས་མཆོག་ཉི་ཟླ་སྣང་བས་གངས་རིའི་རྩེར། །
ཤེས་རབ་འོད་ཀྱི་རྒྱལ་མཚན་བསྒྲེངས་དང་ལྷན། །
གཟི་དཔལ་འདོད་དགུ་ཅིག་ཅར་སྣང་བ་ཡི། །
གངས་ལྗོངས་རིག་པའི་དགའ་ཚལ་རྒྱས་པར་བྱས། །
(རྒྱུ་འབྲས་ལྷན་ཅིག་པ)
འཛམ་གླིང་རིག་གཞུང་རྒྱ་མཚོའི་ཀློང་ཡངས་ནས། །
དབྱངས་གསལ་སྡེབ་སྦྱོར་མཁས་པའི་ཕྱག་ཟུང་གིས། །
སྔར་ནས་གཙུག་ལག་ལྷུན་པོ་བརྩེགས་པ་ཡིས། །
ཕྱིས་འདིར་ཚངས་སྲས་བཞད་མའི་ཤེས་པ་བྱུང་། །
(འབྲས་བུ་སྔ་བའི་བྱེད་རྒྱུ)
གངས་ལྗོངས་མཁས་དབང་ཉིན་བྱེད་སྒྲོན་མེའི་ཚོགས། །
གངས་རིའི་ལྗོངས་སུ་སྟར་བའི་འོད་རླབས་ཆེ། །
ཕྱོགས་ཀྱི་ཐ་གྲུ་ཀུན་ཏུ་ཁྱབ་པ་ཡིས། །
བློ་གསར་པད་འདབ་གུས་པས་ཟུམ་འོས་སམ། །
(རིགས་མིན་གྱི་རྒྱུ)
ཤེས་རབ་ཀ་དག་སྣང་བས་སྒྲོན་པ་ཡི། །
མཁས་དབང་རྟ་བདུན་དབང་པོའི་ཕྲེང་བ་ཡིས། །
མཁས་རློམ་ཀུན་དའི་ཚལ་རྣམས་གཞོམ་པ་དང་། །
ཡོན་ཏན་པདྨ་དཀར་པོ་རྒྱས་འདི་ངེས། །
(འོས་པའི་རྒྱུ)
སྨྲ་བའི་དབང་པོའི་གད་རྒྱངས་དབྱར་སྐྱེས་རྔ། །
ལོག་རྟོག་སྤྲིན་འདུས་མཁའ་རུ་བརྡུངས་པ་ཡིས། །
དད་པའི་ནགས་རྫོང་ཕུབ་པའི་རྨ་བྱའི་མངལ། །
ཡོན་ཏན་ཁྱེའུ་འཛིན་མའི་ཁྱོན་ལ་སྦྲུམ། །
ཨེ་མ་རིག་གཞུང་སྒྲོན་མེ་ཐོགས་པ་ཡི། །
སྨྲ་བའི་ཁྱུ་མཆོག་སྔ་ནས་ད་ལྟའི་བར། །
ཉམས་མེད་གངས་རི་ཐོད་དཀར་སྙིང་པོའི་མགུལ། །
ཡོན་ཏན་ཀུན་རྫོགས་བཞུགས་རྣམས་བསྟོད་བྱའི་ཡུལ། །
༢༠༠༧ལོའི་《སྦྲང་ཆར》དེབ་བཞི་པར་བཀོད།
རྩོམ་སྒྲིག་པ།:འཕགས་ཆེན།
ཡོངས་ཁུངས།:འཕགས་ཆེན་འཕྲིན་སྟེགས།
公众号!©Pagchen杷青