རྒྱང་རིང་གི་ཁྱོད་རང་དྲན་པ།
དེ་རིང་། རྒྱང་རིང་ཡུལ་ལ་ཡོད་པའི་སེམས་ལ་ཉར་བའི་ཁྱོད་རང་ལྷག་པར་དྲན།
དུས་ཚོད་ནི་སྔར་བཞིན་ཆུ་བོའི་བཞུར་རྒྱུན་དང་འདྲ་བར་རྒྱུན་མི་ཆད་པར། ཉིན་རེ་དང་ཉིན་རེ། ཟླ་རེ་དང་ཟླ་རེ། ལོ་རེ་དང་ལོ་རེ་བྱེད་ནས་བཞུར་བཞིན། ངའི་སློབ་ཆེན་ལོ་རིམ་དང་པོའི་སློབ་སྐབས་དང་པོ་ལ་རྫོགས་ཚིག་བཀོད་རན་ལ་ཉེ།
དེ་རིང་ཡང་འདི་གའི་གནམ་གཤིས་ཧ་ཅང་གྲང་། ཕྱི་དྲོ་སློབ་ཁྲིད་མེད་པས་ང་རང་རྒྱུན་ལྡན་མ་ཡིན་པ་མལ་ཁྲིའི་སྟེང་དུ་ཉལ་ཐུལ་གྱིས་མགོ་བོ་བསྒྲིབས་ནས་ཉལ། ཉེ་བའི་ཉིན་འགའ་ཤས་ནང་། ངས་རང་ཉིད་ཀྱི་ཕུགས་བསམ་སེམས་ལ་ཉར་བའི་ཕ་མའི་རེ་བ་རྒྱབ་ཏུ་ཁུར་ནས་འབད་བརྩོན་བྱེད་བཞིན་པའི་རང་ཉིད་དེ་བོར་ཤོར་སོང་། ཕ་ཡུལ་གྱི་མ་འོངས་སེམས་ལ་སྒོམ་ནས་མི་རིགས་ཀྱི་དར་རྒུད་ཕྲག་ཏུ་ཁྱེར་ནས་ཧུར་བརྩོན་བྱེད་བཞིན་པའི་རང་ཉིད་དེ་ཡལ་ཤོར་སོང་། སྔོན་མར་མཚན་གུང་གློག་སྒྲོན་གྱི་འོག་ཏུ་བརྩོན་པའི་གོམས་གཤིས་དེ་ཡང་ག་སོང་ཆ་མེད་དུ་གྱུར། སྐབས་འདིར། ཉིན་མཚན་དབྱེ་བ་མེད་པ་རིག་པའི་གཞུང་ལ་འབད་བཞིན་པའི་ཁྱོད་རང་ལྷག་པར་དྲན།
ཁྱོད་ཀྱིས་ཤེས་སམ། འཚོ་བ་ནི་དངོས་ནས་བསམ་པ་ནང་བཞིན་སླ་མོ་ཞིག་མ་རེད། སེམས་ན་ལས་བྱེད་པ་ལས་མེད་པའི་ཉེ་འབྲེལ་ཚོའི་གཏམ་ཉོག་དེ་ཚོ་ནི་དྲག་རླུང་རང་རེད་ལ། མིག་ནང་ཟླ་ཕོགས་ལས་མེད་པའི་ཡུལ་མི་ཚོའི་གཏམ་ཅོལ་དེ་ཚོ་ནི་རལ་གྲི་ཞིག་ལས་མ་འདས། དྲག་རླུང་རྒོད་དུས། ཤོག་བྱ་དྲག་རླུང་གིས་རྗེས་སུ་ཉུལ་རྒྱུ་ལས་རང་ཉིད་ཀྱི་་ལམ་བུ་བགྲོད་པའི་ནུས་པ་ཞིག་ག་ལ་ཡོད། རལ་གྲི་དེ་རྣོ་ཆེ་ནས་བོད་ཀྱི་སྐད་དང་ཡི་གེ། རིག་གཞུང་ཉར་བའི་མཉམ་ཆུང་སེམས་རྩ་དེ་ཆད་ལ་ཉེ། སྐབས་དེར། ཕ་སྐད་མ་ཡིག་གིས་ཤེས་བྱའི་འདབ་མ་རྒྱས་བཞིན་པའི་ཁྱོད་རང་ལྷག་ཏུ་དྲན།
ཁྱོད་ཀྱིས་ཤེས་སམ། ལོ་འདིའི་ནང་ངས་མིག་ནས་མཆི་མ་བཞུར་བཞིན་སྐད་ངག་འདར་འདར་བྱེད་ནས་ཞུ་བ་ཇི་ལྟར་བྱས་ཀྱང་། མང་པོ་མང་པོ་ཞིག་ང་དང་གྱེར་ནས་བུད་སོང་། སྐྱབས་འཇུག་ལྷ་ལ་ཞུས་ཏེ་གསོལ་བ་སྙིང་ནས་བཏབ་ཀྱང་། མང་པོ་མང་པོ་ཞིག་ངའི་འཇིག་རྟེན་ནས་བོར་ཤོར་སོང་། ཡིན་ཡང་། དགའ་འོས་པ་ཞིག་ནི། ཁྱོད་རང་སྔ་བཞིན་རྒྱང་རིང་གིས་མཐོ་སྒང་ནས་མི་ཡུལ་ས་མཐའ་ན་ཡོད་པའི་ང་ལ་དྲོད་ཁོལ་སྦྱིན་བཞིན་འདུག
ཁྱོད་ཀྱིས་ཤེས་སམ། རི་མཐོ་ས་གཙང་སའི་ཁ་བའི་ལྗོངས་ལ་གནས་པའི་ཁྱོད་རང་དྲན་ཐེངས་རེར་ང་ལ་སྒུལ་ཤུགས་སྤྲོད་བཞིན་འདུག་ལ། བོད་སྐད་དག་མའི་ལས་ནས་བཤད་པའི་ཁྱོའི་འབྲོག་སྐད་དེ་ཐོས་ཐེངས་རེར་ང་ལ་རེ་བ་སྦྱིན་བཞིན་འདུག མ་འོངས་པའི་བགྲང་བྱ་མང་པོའི་ནང་ལ། ངའི་དགའ་སྡུག་དང་རེ་སྨོན། འཛུམ་མདངས་དང་ཕུགས་འདུན་སོགས་ཁྱེར་ནས་ཁྱོའི་འཇིག་རྟེན་དུ་བཅའ་ན་འདོད།
༢༠༢༡-༠༡-༠༨
གྲིབ་གཟུགས་མག་མོག
(དཀར་མཛེས)
རྩོམ་སྒྲིག་པ།:འཕགས་ཆེན།
ཡོངས་ཁུངས།:འཕགས་ཆེན་འཕྲིན་སྟེགས།
公众号!©Pagchen杷青