དགུན་ཁའི་མགྱོགས་བྲིས།
བཀྲ་ཤིས་ཟླ་བ།
འཁྱག་སོབ་སོབ་ཀྱི་དགུན་ཁར་སླེབས་བྱུང་།
རྩྭ་འཇག་མ་རྣམས་སྔ་མོ་ནས་བསེར་བུ་རླུང་གིས་བདས་ནས་འཁྱེར།
འཛིན་མའི་ཁྱོན་ཡོངས་ལ་ཐལ་མདངས་ཆགས།
དོ་ནུབ་ཀྱི་ཁ་བ་འབབ་ཐེངས་གཅིག་གིས།
ཡོད་ཚད་དཀར་བོ་དཀར་རྐྱང་དུ་གྱུར།
བྱིས་པ་རྣམས་གངས་རྩེད་རོལ་ནས་སིང་སིང་གི་དགོད་སྒྲ་དྭངས་མོ་ཞིག་སྒྲོག།
རྒས་འཁོགས་ཚོའི་ཞལ་ལ་ཡུན་རིང་མཐོང་མ་མྱོང་བའི་འཛུམ་མདངས་ཤིག་མངོན།
བཀྲ་ཤིས་དགེ་ལེགས་འབྱུང་བའི་སྔར་ལྟས་ཤིག་རེད་ཟེར།
མདོར་ན་དགའ་འོས་པའི་དོན་ཞིག་ཡིན་པར་འདྲ།
མཁའ་དབུགས་དྭངས་ཤིང་གཙང་ལ།
དམིགས་བསལ་ཀྱི་བདེ་སྣང་ཞིག་ངང་ངམ་ཤུགས་ཀྱིས་སྐྱེས།
འཇིག་རྟེན་གྱི་ཡོད་ཚད་ཉམས་དགའ་བ་ཞིག་རེད།
སྐྱེ་འགྲོ་སེམས་ཅན་བདེ་སྐྱིད་ཀྱི་དཔལ་ལ་རོལ་བཞིན་མཆིས།
ཁ་བ་འབབ་ཐེངས་རེ་རེར།
སེར་ཁ་གས་འདྲའི་རི་བོའི་ཁ་ཁུག་རྣམས་རིམ་བཞིན་ལྭ་བ་ཇེ་མཐུག་ཏུ་བསྣམས་ནས།
དཀར་གཤིས་རས་ཀྱི་མཚན་ཉིད་བཀྲམ།
རྒད་པོ་རྣམས་ཕྱིང་ཞྭ་མཐུག་པོ་དང་ཕྱིང་ལྷམ་རྫིག་པོ་གྱོན་ནས།
མ་ཎི་ཐང་གི་འདུས་མདོར་འཛོམས།
ཉི་མར་ལྡེ་བཞིན།
ཚེ་སྔ་ཕྱི་དང་ལས་རྒྱུ་འབྲས་ཀྱི་གནས་ལུགས་མང་པོ་ཞིག་ལབ་བཞིན་མཆིས།
ཨ་ཕྱི་བགྲེས་མོ་ཚོ་གཉའ་འཁུམ་ཞིང་རྒྱུས་པ་གྱོང་།
ལག་ཕྲེང་དང་ཆོས་འཁོར་འཛིན་མ་ནུས་པ།
སྨིན་མ་བ་མོས་གཡོགས་ཤིང་ཁ་ནས་དབུགས་རླངས་དཀར་པོ་འབྱིན་ཏེ།
ལག་པ་རུམ་དུ་བཅུག་ནས་སྐོར་བ་རྒྱག་གང་ཐུབ་བྱས།
གེ་སར་འདུ་ཐང་གི་གཞས་པ་ཚོ་ཉིན་རེ་བཞིན་ཇེ་ཉུང་དུ་གྱུར།
མཚན་མོའི་ཚོང་ཁྲོམ་ཡང་གར་སོང་མ་འཚལ།
བརྩེ་བ་དབྱངས་སུ་བཀུགས་ཤིང་གླུ་ངག་གི་འོད་རླབས་འཕྱོ་བའི་རྫི་གླུ་སྙན་མོ་ཡང་ཐོས་རྒྱུ་དབེན།
ཕྱགས་མ་ས་ལ་དྲད་པའི་གྲོང་ཁྱེར་གྱི་གཙང་སྦྲ་བ།
ཞོགས་སྦྱོང་གི་ལས་ལ་བྲེལ་བའི་སློབ་གཉེར་བ་ཆུང་ཆུང་།
དགོངས་སྦྱོང་གི་སློབ་ཁྲིད་ལ་གཞོལ་བའི་དགེ་རྒན།
ད་དུང་།འཚོ་བའི་གཡོག་འཁོར་ལ་ཐིམ་པའི་ལས་ཀ་བ་ཉུང་ཉུང་མ་གཏོགས།
དགོང་ཞོགས་ནི་དབེན་ཞིང་འཇམ་ཐིང་ངེ་རེད།
ཇི་ལྟར་གཉིད་དཀྲོགས་ཀྱང་སད་རྒྱུ་མེད་པར་འདྲ།
ད་གཟོད་གྲང་ངར་ཀྱི་དམེ་བོ་དེ།
རྐང་འཇབ་ལག་འཇབ་དང་ཤེས་མེད་ཚོར་མེད་ངང་བསིལ་ལྗོངས་ཀྱི་རབ་ཁར་སླེབས་ཡོད་པ་གཞི་ནས་རྟོགས་སོང་།
ལུང་གཞོང་ལ་འཁྱིལ་བའི་ཆུ་བོ་དེ་ཐད་ཀར་ཆབ་རོམ་གྱི་སྦུག་ཏུ་བཅུག་སོང་།
ལྟོས་དང་།
རྒྱུན་དུ་ཀུ་ཅོ་འདོན་བཞིན་ཕར་ལྡིང་གི་གར་ལ་རྩེན་པའི་ཆུ་ཕྲན་དེ་གང་ལ་བུད་སོང་།
འོ།ཁོའི་ལས་དབང་དེ་ཉམ་ཐག་པ་ཞིག་ཏུ་གྱུར་འདུག
ཆབ་རོམ་ཀྱི་སྦུག་ཏུ་བཅུག་ནས་དབུགས་ཀྱང་འབྱིན་དཀའ་བ།
བྱིས་པ་པྲ་ཆལ་ཞིག་གཉིད་དུ་ཡུར་བ་དང་ཨ་ན་མ་ན་རེད།
ཁོས་ཨུ་ཚུགས་ཇི་འདྲ་བྱས་ཀྱང་།
ཆབ་རོམ་ནི་རྡོ་རྗེ་ཕ་ལམ་བཞིན་སྲ་ཞིང་འཐས་ལ།
འཆིང་རྒྱ་ལས་གྲོལ་བའི་ཐབས་ཤིག་རྩ་བ་ནས་མ་རྙེད།
གཉོམ་ཆུང་ཞིང་མགོ་སྒུར་བ་ལས་ཐབས་མེད།
དགུན་ཟླ་རིང་མོ་འདིར་ཆབ་རོམ་གྱི་སྦུག་ཏུ་མི་མལ་ཀ་མེད་བྱུང་།
གྲང་ངར་བླ་ལྷག་ཏུ་ལྡང་།
ཆབ་རོམ་གྱི་རྔམས་ཇེ་མཐུག་ཏུ་གཏང་།
ཆུ་བོའི་གླུ་སྐད་ཀྱང་ཐོས་རྒྱུ་མེད།
གཏིང་རིམ་ནས་ཀུ་ཅོ་ཇི་འདྲ་འདོན་ཡང་སུ་ཤིག་གིས་ཚོར་ནུས།
འཕག་འཚག་བརྒྱག་ཀྱང་ཅི་ལ་ཕན།
ཨམ་གཙིགས་སྡོམ་ཡང་ཅི་ལ་ཕན།
ཉམ་ཐག་པའི་ལས་དབང་ལ་རྒོལ་ལན་ཞིག་རྩ་བ་ནས་མ་རྙེད།
བཙན་ཁ་ཆེ་ལ་ཟིལ་ཤུགས་དྲག་པོའི་གྲང་རླུང་དེ་མ་ཡལ་བར་དུ།
དཔྱིད་རླུང་གི་ཕྱག་སོོར་འཛིན་མའི་ཕང་བར་མ་རེག་བར་ཏུ།
གཉའ་ཞུམ་ཞུམ་དང་མགོ་སྒུར་སྒུར་མི་བགྱིས་ཐབས་མེད་རེད།
ལྷོ་བཞུད་ཀྱི་ཁྲུང་ཁྲུང་དཀར་མོ།མོན་ཡུལ་གྱི་ཁུ་བྱུག་སྔོན་མོ།
མགྱོགས་མྱུར་དུ་གངས་ལྗོངས་ཁ་བའི་ཡུལ་ལ་ཕེབས་དང་།
ངས་དཔྱིད་ཀའི་ཕོ་ཉར་རེ་སྒུག་བྱས་ནས་བསྡད་ཡོད།།
བཀྲ་ཤིས་ཟླ་བ།
(ཡུལ་ཤུལ)
ཡོངས་ཁུངས། འཕགས་ཆེན་འཕྲིན་སྟེགས།
རྩོམ་སྒྲིག་པ།:འཕགས་ཆེན།
公众号!©Pagchen杷青