ཀ་ཡེ་གསོན་དང་རིགས་མཐུན་སྤུན་ཟླ་ཡི་ཚོགས་རྣམས།།
ཁ་སེམས་གཉིས་མེད་ངང་དུ་དྲང་གཏམ་རེ་བརྗོད་ན།།
ག་ནས་བལྟས་ཀྱང་ལོ་ངོ་ཆིག་བརྒྱ་ཡི་རིང་འདིར།།
ང་ཁྱོད་འཚོ་བར་གནམ་སའི་འཕེལ་རྒྱས་རང་འདུག་གོ།
ཅ་ལག་ནོར་རྫས་གང་བཟང་བེད་སྤྱོད་ལ་བྲེལ་ཞིང་།།
ཆ་འཕྲིན་དུས་ཀྱི་དགེ་མཚན་བཟང་བོ་ལ་རོལ་བཞིན།།
ཇ་ཆང་མཚར་གླུས་མི་སེམས་བདེ་བ་རུ་འགོད་པའི།།
ཉ་གང་དཔལ་ལ་འགྲན་པའི་འཕེལ་རྒྱས་རང་འདུག་གོ།
ཏ་ཐཱ་ག་ཏའི་གསུང་རབ་བསྟན་བཅོས་ཀྱི་དགོངས་དོན།།
ཐ་མལ་གདུལ་བྱ་སྐྱོང་བའི་ལེགས་མཛད་ཀྱི་ཆེ་བ།།
ད་དུང་བཤད་སྒྲུབ་བྱ་བའི་འཆད་ཉན་གྱི་འཁོར་ལོ།།
ན་ནིང་ལས་ཀྱང་ད་ལོ་འཕེལ་རྒྱས་རང་འདུག་གོ།
པ་སངས་མདངས་འཛིན་གངས་རིའི་ཡུལ་ལྗོངས་ན་འཚོ་ཞིང་།།
ཕ་ས་མ་ཁུངས་སྲུང་བའི་བུ་རབས་དང་ཚ་རྒྱུད།།
བ་གམ་མཐོར་སྙེག་ཁང་བཟང་གཞིས་ཁྱིམ་ལ་རོལ་པ།།
མ་ལུས་འཛུགས་སྐྲུན་རྨང་གཞི་འཕེལ་རྒྱས་རང་འདུག་གོ།
ཙ་རི་ནས་བཟུང་ཚ་བ་རྒྱལ་རོང་གི་བར་ལ།།
ཚ་དྲག་གཉའ་གནོན་མེད་པར་ཞི་བདེ་ཡི་འཚོ་བ།།
ཛ་ཧུའི་བུ་མོ་དལ་བ་རིང་འབབ་ཀྱི་དཔེ་བཞིན།།
ཝ་འཁྱུག་རང་དབང་འཚོ་བ་འཕེལ་རྒྱས་རང་འདུག་གོ།
ཞ་ཀྱོག་འགྲོ་བའི་གོམས་སྲོལ་བསྒྱུར་བཅོས་ལ་འབད་ཅིང་།།
ཟ་འཐུང་མགོ་འགྱོག་བསམ་བློ་རྒྱང་རིང་དུ་དོར་ནས།།
འ་ཅག་སྤྱི་ཚོགས་གསར་བའི་ལྟ་བ་ལ་ཕྱོགས་པའི།།
ཡ་རབས་མི་གཤིས་བཟང་བོ་འཕེལ་རྒྱས་རང་འདུག་གོ།
ར་མ་ལུག་གི་རྗེས་འདེད་རྩྭ་ཐང་གི་བདག་པོ།།
ལ་ལུང་ཀུན་ལ་ཉུལ་བའི་རི་ཐང་གི་འབྲོག་པ།།
ཤ་ཆང་རི་རབ་ཚན་རྩལ་འཕྲུལ་ཆས་ལ་བརྟེན་པས།།
ས་འདིའི་དེང་གི་དཔལ་འབྱོར་འཕེལ་རྒྱས་རང་འདུག་གོ།
ཧ་ལམ་ལོ་ངོ་བརྒྱ་ཡི་ཆབ་སྲིད་ཀྱི་འགྱུར་ལྡོག།
ཧ་ཅང་མཛད་རྗེས་གསལ་བ་ལོ་རྒྱུས་ཀྱི་བྱུང་བ།།
ཧ་གོ་དོན་རྟོགས་ཅན་ལ་རི་མོ་ཡི་འཁྱུག་གར།།
ཧ་ནི་ཤོག་དཀར་ངོས་ལ་གཟུགས་ཅན་དུ་བབས་སོ།།
ཨ་རོག་ཁ་བ་ཅན་ལ་སྔར་མེད་ཀྱི་འཕེལ་རྒྱས།།
ཨ་མཚར་མ་ཡིན་མཁོ་དགུའི་ལོངས་སྤྱོད་རང་འཛོམས་པ།།
ཨ་ཕྲེང་ཀ་ཕྲེང་ལམ་ནས་མཚམས་སྦྱོར་དང་བཅས་ཏེ།།
ཨ་མའི་བུ་ངས་ལོ་བརྒྱའི་ཇུས་ཆེན་ལ་བསྟོད་དོ།།
ཧ་ལམ་རྣམ་པ་གསར་བའི་འབྲོག་ཐང་གི་འཚོ་བ།།
ཨ་མཚར་འཕེལ་རྒྱས་གནམ་ས་བླ་འོག་གི་སྣང་ཚུལ།།
ཧ་ཅང་ཐལ་བ་མ་ཡིན་དངོས་བྲིས་ཀྱི་ལམ་ནས།།
ཨ་གསར་ཆེ་འདོད་སྤངས་ཏེ་ཇི་བཞིན་དུ་སྤེལ་ལོ།།
《ལོ་བརྒྱའི་ལེགས་མཛད་》ཅེས་པའི་དེབ་ལས་བཀོད།
རྩོམ་སྒྲིག་པ།:འཕགས་ཆེན།
公众号!©Pagchen杷青