སློབ་དཔོན་ཆེན་མོ་བསེ་ཚང་བློ་བཟང་དཔལ་ལྡན་མཆོག
༄། །རྒྱལ་བསྟན་ཙམ་མིན་བོད་ཀྱི་སློབ་གསོ་འཛིན། །
དགེ་འདུན་ཙམ་མིན་སློབ་མའི་ཚོགས་རྣམས་སྐྱོང་། །
ནང་ཆོས་ཙམ་མིན་རིག་པའི་གནས་རྣམས་སྤེལ། །
སྤྲུལ་སྐུ་ཙམ་མིན་བཤེས་གཉེན་ཁྱེད་ལ་འདུད། །
འཆད་པ་ཙམ་མིན་རྩོད་དང་རྩོམ་ལ་མཁས། །
དགོན་སྡེ་ཙམ་མིན་སློབ་གྲྭ་བཞེངས་པར་བཙུན། །
ཞི་དུལ་ཙམ་མིན་ལྷག་བསམ་དགོངས་དཀྱེལ་བཟང་། །
བླ་མ་ཙམ་མིན་དགེ་རྒན་ཁྱེད་ལ་འདུད། །
ད་ནི་མྱུར་དུ་བོད་ཀྱི་དོན་ལ་ཕེབས། །
སླར་ཡང་ཕེབས་ཤོག་ཁ་བའི་ལྗོངས་སུ་ཕེབས། །
ཤུལ་ལུས་བུ་སློབ་མ་འཕོངས་སྤྲུལ་སྐུ་ཕེབས། །
སྔར་གྱི་དམ་བཅའ་མ་བསྙེལ་སྤྲུལ་སྐུ་ཕེབས། །
ཞེས་པ་འདི་ཡང་བོད་ཀྱི་རིག་གནས་སྤྱི་བྱེ་བྲག་དང་ཁྱད་པར་སློབ་གསོ་རིག་པའི་ཐད་གཞན་དྲིང་མི་འཇོག་པའི་ཕྱག་རྗེས་ཅན། རང་ཅག་རྣམས་ལ་བཀའ་དྲིན་མཚུངས་ཟླ་མ་མཆིས་པའི་༧སློབ་དཔོན་ཆེན་མོ་༧བསེ་ཚང་རིན་པོ་ཆེ་དོན་གྱི་སླད་དུ་མཚན་ནས་སྨོས་ན་༧རྗེ་བཙུན་བློ་བཟང་དཔལ་ལྡན་ཆོས་ཀྱི་རྡོ་རྗེ་དཔལ་བཟང་པོ་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་གྱི་གཏམ་ངན་མི་བསྲུན་པ་ཐོས་ཕྲལ་མྱ་ངན་གྱི་ངུ་ངག་ཚུལ་དུ་ཕུལ་བའི་མཆོད་པའི་ཞུ་མཆིད་འདི་ཡང་སྐ་བའི་མིང་ཅན་གྱིས་སོ། །
2/9/2021
རྒན་སྐ་བ་ཤེས་རབ་བཟང་པོ་ལགས་བོད་ལྗོངས་སློབ་ཆེན་གྱི་དཔེ་མཛོད་ཀྱི་དབུ་འཁྲིད་དང་། བོད་ཀྱི་དཔེ་རྙིང་ཉམས་ཞིབ་ཀྱི་མཁས་དབང་། རྒྱལ་སྤྱིའི་ཐོག་མཐོང་ཆེན་གནང་བའི་མི་རབས་གསར་པའི་ཤེས་ཡོན་ཅན་རྣལ་མ་ཞིག་རེད།
ཡོངས་ཁུངས། འཕགས་ཆེན་འཕྲིན་སྟེགས།
རྩོམ་སྒྲིག་པ།:འཕགས་ཆེན།
公众号!©Pagchen杷青