ཨ་སྔོན་དེ་ཆ་ཤས་དུམ་བུར་བསྒོས་ནས།
ས་ཆེན་འདི་རུ་མཚོ་ངོས་དུ་མར་ཆགས།
ཡང་ན་ནམ་མཁའི་ལྷ་མོས་གཡུ་ཡི་དོ་ཤལ་ས་རུ་གཏོར་བ་བཞིན་ནོ།
དེ་ནི་གམ་པ་རི་ཡི་དྲན་གདུང་ངམ།
ཡར་ཀླུངས་གཙང་པོའི་སེམས་འཕྲེང་ཡིན།
མཐོ་སྒང་གི་དུས་བཞི་དང་ལས་དབང་གཅིག་ཏུ་གནས།
ནམ་མཁས་སེམས་ཀྱི་སྒེའུ་ཁུང་མ་ལུས་ཕྱེས་ལ།
སྤྲིན་པ་ཚོམ་ཚོམ་གཅིག་ཏུ་རུག
མཚོ་འགྲམ་གཡང་དཀར་ཁྱུ་ཁྱུར་ཚོགས།
མཚོ་ནང་གསེར་མིག་ཆུ་སྲམ་ཅི་དགར་རྩེན།
ངང་པས་ངང་ཕྲུག་ཁྲིད་ནས་ཆུ་རྩེད་རོལ།
གཙོད་དང་གནའ་བ་ད་དུང་མིང་མི་ཤེས་རི་དྭགས་བག་ཡངས་སུ་རྒྱུ།
ལྡོམ་པོའི་སེམས་ཁྲལ་ཐག་རིང་གི་ཐག་རིང་དེ་ན་ལུས།
ཡར་འབྲོག་གཡུ་མཚོ།
ཡུལ་ཡར་ཀླུངས་འབྲོག་མི་ཡི།
གཡུ་ཡི་དོ་ཤལ་རིང་མོ་ཞིག་ཡིན།
རྨུ་ཐག་ལ་འཇུས་ནས་འབབ་པའི་བཙན་པོའི་བདག་མོ་རྣམས་ཀྱི།
མཛེས་འཆོས་ཀྱི་མེ་ལོང་དྭངས་མོ།
རྔ་སྒྲ་སིལ་སིལ་གྱིས་སྙིང་རྩ་འདར་བ་དང་།
དུང་སྒྲ་ལྷང་ལྷང་གིས་དབང་དུ་ལེན་པའམ།
སེར་དཀར་ལྗང་དམར་གྱི་ཁ་དོག་མང་པོ་དང་།
ཁ་ཆར་སྨུག་སྤྲིན་གྱི་འཕོ་འགྱུར་ཇི་འདྲ་ཡང་།
ཡོད་ཚད་མཚོ་མོའི་སེམས་ཁོངས་སུ་མ་ལུས་ཉར་བ་འདི།
ཇི་འདྲའི་འཚབ་འཚུབ་མེད་ལ་དལ་ཞིང་ལྷོད།
ཇི་འདྲའི་བག་ཕེབས་སུ་པ་གནས་ལ།
ཇི་འདྲའི་བཀྲ་ཤིས་པ་ལ།
གླིང་བཞིའི་དཀྱིལ་སྙིང་རི་རབ་དེ་ཇི་བཞིན།
ཚ་གྲང་གིས་མི་འཇིགས་ཤིང་།
དུས་བཞི་ཡིས་མི་གཡོ་བའི།
རབ་དཀར་གྱི་འདབ་མ་རེ་རེར་བརྩེགས་པའི་ལྷུན་པོ་འདི།
ཇི་འདྲའི་བརྟན་བརླིང་དོན་ལྡན་ཅན་ནོ། །
འཁྱག་ཀླུང་དང་གཙང་པོ་ནི་ཁྱོད་ཀྱི་གནང་སྦྱིན་ཡིན་ལ།
ཨ་སྔོན་དང་སྤྲིན་པ་ནི་ཁྱོད་ཀྱི་དྭངས་གཙང་གི་ཡིད་སེམས་དེ་ཡིན།
རི་རྒྱུད་དང་ལྗང་མདོག་ནི་ཁྱོད་ཀྱི་མཐིང་མདོག་གི་བཞིན་རས་ཏེ།
ལོ་ངོ་ཁྲི་ཕྲག་གི་བསིལ་འོད་དང་།
བགྲང་བྱ་སྟོང་འདས་ཀྱི་དར་ཡོལ་ལས།
ནམ་ཡང་དགེ་མཚན་དཔལ་གྱི་སྣང་བ་ཕྱོགས་བཞིར་འཕྲོས།
དེ་ལྟ་བུས།
ཁྱོད་ལ་རེ་འབོད་དང་གསོལ་མཆོད་ཀྱིས་དངོས་གྲུབ་ཞུ་མི་དགོས་ལ།
གཡས་སྐོར་དང་གཡོན་སྐོར་གྱིས་འདོད་དོན་རེ་མི་དགོས་པ་ནི།
ཁྱོད་ཀྱི་བརྩེ་བ་ནམ་ཡང་དམིགས་པ་མེད་ལ།
ཁྱོད་ནི་ནམ་ཡང་འགྲོ་བའི་སྒྲིབ་བྲལ་གྱི་སེམས་ངོ་དེ་ཡིན་པས།
སེམས་ངོ་འདི་ནམ་ཡང་ཕྱི་ནས་འཚོལ་མི་དགོས།
ང་ཡིས་ཁྱོད་ཀྱི་འདབས་རོལ་ནས།
ཆུ་ཕྲན་ལྷུང་ལྷུང་དུ་འབབ་པའི་གཙང་རྒྱུན་ལ་ཉན་ཞིང་།
མཚོ་མོ་གཡུ་མདངས་ཀྱི་མེ་ལོང་དུ་རང་ཉིད་ལྟ་ཞིང་བལྟ།
ད་དུང་།
རྩྭ་ཆུ་འདེད་པའི་འབྲོག་པའི་སྤོ་སྡོད་དང་།
ནས་ཞིང་མུ་མེད་མཚོ་ཡི་རླབས་རིས་ནི།
ཁྱོད་ཀྱི་གསོལ་རས་ཀྱི་གནང་སྦྱིན་ཚད་མེད་ཅིག་དང་།
དྲིན་ལན་ནམ་ཡང་མི་སོད་པ་ཞིག་ཏུ་འཛིན་ཡོད།
དེར་བརྟེན།
ངས་འདི་ནས།
འུར་འབོད་ཅི་ཡང་མི་ཕོད་ལ།
ཐུགས་དཀྲུག་ཅི་ཡང་མེད་པར།
རྡོག་ངོས་ས་གཞི་དང་མི་འབྲལ་ལ།
སྙིམ་པས་ས་འདམ་གྱི་དྲི་བསུང་ཕུལ་ནས།
སོ་སྲུང་དང་གུས་ཞེད་གཉིས་ངའི་དད་འདུན་ཉག་གཅིག་ཏུ་བྱས་ཡོད།
ནག་ཤུལ་ཚུལ་ཁྲིམས་དཔལ་ལྡན།
(ཡུལ་ཤུལ)
ཡོངས་ཁུངས། འཕགས་ཆེན་འཕྲིན་སྟེགས།
རྩོམ་སྒྲིག་པ།:འཕགས་ཆེན།
公众号!©Pagchen杷青