![]()
![]()
![]()
![]()
མ་འོངས་པའི་ཁྱོད་ལ་སྤྲིངས་པ།
པདྨ་ལྷ་མཛེས་ཀྱིས་བརྩམས།
སྐལ་བཟང་སྒྲོལ་མས་གྱེར།
ཁ་སང་ཁ་སང་ཟེར་བ་ཁྱོད་ཀྱི་རྐང་རྗེས་དང་། དེ་རིང་དེ་རིང་ཟེར་བ་ཁྱོད་ཀྱི་ད་ལྟ་བ་ཡིན་ན། སང་ཉིན་སང་ཉིན་ཟེར་བ་ཁྱོད་ཀྱི་རྟོགས་པས་མི་རིག་པའི་སྣང་བ་ཙམ་ལས་མ་འདས་པས། ཁྱོད་ཀྱིས་སང་ཉིན་གྱི་ཁྱོད་ལ་ཡི་གེ་ཞིག་སྤྲིངས་ན་འགྲིག་གོ།
——གླེང་བརྗོད།
དུས་ཚོད་ནི་ཆུ་བོ་བབས་པ་ཇི་བཞིན་ག་ལེར་བཞུར་འགྲོ། ཉིན་ནས་མཚན་དང་། མཚན་ནས་ལོ་ཟླའི་བར་དུ། ལོ་གཅིག་གི་རྗེས་སུའང་། དེ་རིང་གི་ང་ཡི་བསམ་བློ་དང་ཚོར་བ། དགའ་བ་དང་སྡུག་པ། རེ་བ་དང་སྨོན་འདུན་སོགས་ཁྱེར་ཏེ་ཁྱོད་ཀྱི་འཇིག་རྟེན་དུ་བཞུར་སྲིད།ཁྱོད་ཀྱིས་དྲན་ནམ། ད་ལྟའི་ང་ནི་ཁྱོད་ཀྱི་མཛེས་སྡུག ཁྱོད་ཀྱི་ལང་ཚོ། ཁྱོད་ཀྱི་བློ་རིག་རྒྱས་སའི་སློབ་ཆེན་ནས། ཕ་མའི་རེ་བ་དང་གྲོགས་པོའི་ཡིད་ཆེས། རང་གི་ཕུགས་འདུན་དང་ཁྱོད་ཀྱི་འཛུམ་མདངས་ཀྱི་ཆེད་དུ་གློག་སྒྲོན་གྱི་འོག་ཏུ་བརྩོན་པའི་གོ་ཆ་བགོས་ནས་ཡོད།མིག་ཟུང་ཡུན་དུ་བཙུམས་ཏེ་དཔེ་ཁུག་རྒྱབ་ཏུ་ཁུར་བའི་ན་སོ་དེ་དྲན་ན། དབྱངས་གསལ་གྱི་སྦྱོར་བ་ངག་ཏུ་བཀུག་པའི་ལོ་ཟླ་དེ་དྲན་ན། སྐབས་འདིའི་ང་ནི་ནར་སོན་གྱི་སྐྱེས་མར་གྱུར་འདུག དེང་སང་། རང་དང་འདྲ་བའི་ཕ་ཡུལ་གྱི་གསར་སྐྱེས་མང་ཤོས་ཀྱིས་བྱ་བ་ཞིག་རྙེད་པ་ཁོ་ནར་འབད་ཅིང་། ཡུལ་མི་ཚོས་ཀྱང་སུ་ཚང་གི་བུ་ཡིས་ལས་སྣེ་ཟིན་ཡོད་པ་དང་སུ་ཚང་གི་བུ་མོས་གཞུང་གི་ཟླ་ཕོགས་ལེན་གྱིན་ཡོད་ཟེར་བ་ལས། བོད་ཡིག་གི་དར་རྒུད་ལ་དོ་སྣང་དེ་ཙམ་མེད་པ་ཨེ་དྲན་ནམ། འདི་འདྲའི་མཁའ་དབུགས་ཞབས་སུ་ང་ནི་ཉམ་ཆུང་དང་ནུས་མེད་དུ་འགྱུར་འགྲོ་བས། མཚན་མོ་བསླེབས་ཐེངས་རེར། མཆི་མས་སྔས་མགོ་བརླན་མྱོང་བ་ཨེ་དྲན་ནམ།འཇིག་རྟེན་འདིར། ལམ་མེད་སར་ཟམ་པ་འཕེན་མཁན་ཉུང་ལ། ལམ་བདེ་མོ་བཤིག་མཁན་ནི་མང་དུ་མཆིས་ཡོད་པ་འདྲ་བས། རང་ཤར་གྱི་མེ་ལོང་ངོས་སུ། རང་གི་ངོ་གདོང་ལ་ཡང་དུ་བལྟ་དགོས་ཐུག་སོང་། མེ་ལོང་ལས་སྤྱི་ཚོགས་དང་ཕུགས་འདུན་གྱི་བར་ཐག་དང་། སྐད་ཡིག་དང་རྒྱ་ཡིག་གི་མ་འོངས། ང་དང་ཁྱོད་ཀྱི་ལས་དབང་མཐོང་ཡོང་བས། ངས་རང་ཉིད་ཀྱི་སྙིང་གི་འཕར་ལྡིང་ལས་ཅི་ཡང་མི་ཐོས་པར་གྱུར། དེ་ནི་དུས་ཚོད་ཀྱི་སྐར་ཆ་རེ་རེའི་ཐག་སྒྲའང་ཡིན་པ་འདྲ།འཚོ་བ་ནི་དངོས་གནས་རང་གིས་བསམ་པ་ལྟར་སླ་མོ་ཞིག་དང་མཛེས་སྡུག་ལྡན་པ་ཞིག་མིན་པས། ཡོད་ཚད་རང་གི་འདོད་མོས་ལྟར་འགྲོ་དགོས་པའང་ཧ་ཅང་ཁག་པོ་ཡིན་པ་འདྲ། མདུན་བསྐྱོད་ཀྱི་ལམ་ཁ་འདི་ནས། ཕམ་ཁ་འགའ་ཡིས་ང་རང་ས་ལ་འགྱེལ་དུ་བཅུག་པས། སྡུག་བསྔལ་གྱི་ཆོ་ངེ་བཏོན་མྱོང་ལ་རེ་བའི་མིག་མདངས་ཀྱང་ཉམ་མྱོང་། བློ་ཁ་གཞན་ཞིག་ཏུ་འཁོར་ན། འདིའང་འཚོ་བའི་ཆོས་ཉིད་ཡིན་པ་འདྲ་བས། ང་རང་འཕྲལ་དུ་སྤོབས་པ་དང་བཅས་ཏེ་ཡར་ལངས་ཤིང་། སྔར་བཞིན་མདུན་དུ་འགྲོ་བ་ལས་གོམ་མཚམས་རྦད་པའི་བསམ་བློ་ཤར་མ་མྱོང་། འཇིག་རྟེན་མི་ཡི་གཏམ་དཔེ་ལའང་། ནམ་ཉི་མ་རིང་རེས་ཐུང་རེས།། ཆུ་གད་པ་དམའ་རེས་མཐོ་རེས།། ངས་གཏམ་དཔེ་འདི་ལ་སྟོབས་ཤུགས་ཆེན་པོ་མངའ་ཡོད་པར་སྣང་།དེའི་རྐྱེན། ངས་སྔར་བཞིན་ནང་སེམས་ཀྱི་ཚོར་བ་བསྟན་ཆོག་པ་དང་དགའ་སྤྲོའི་འཛུམ་མདངས་གྲོལ་ཆོག་པའི་རང་དབང་གི་རྩྭ་ཐང་འཚོལ་ཡོད་ལ། འཛིན་ན་སྣང་མེད་དུ་བོར་སླ་བའི་མཛེས་སྡུག་དང་ཆེས་དྲན་འདོད་ལ་བརྗེད་ཀྱང་སླ་བའི་དོན་དག་མང་པོ་ཞིག་ཡིག་ངོར་ཕབ་ཡོད། རྒྱུ་འབྲས་ཀྱི་གཏན་ཚིགས་དང་མི་སེམས་ཀྱི་བདེན་ལུགས་སྲུང་གིན་ཁྱོད་ལ་བསུ་མ་བྱས་པ་ཨེ་དྲན་ནམ།དུས་དེ་རིང་ཕྱིན་པའི་སྐབས་འདིར། ངས་མ་འོངས་པའི་ཁྱོད་རང་ཧ་ཅང་དྲན། ཁྱོད་ཀྱི་གནས་བབ། ཁྱོད་ཀྱི་བསམ་བློ། ཁྱོད་ཀྱི་དགའ་སྐྱོ་ཆགས་སྡང་།དོན་དངོས་སུ། ཁྱོད་ཀྱིས་བྱ་བ་ཅི་ཞིག་གཉེར་གྱིན་ཡོད་དམ། བསམ་ངོས་སུ་བབས་པའི་ལས་གནས་བཙལ་ཐུབ་སོང་ངམ། སློབ་མའི་འཚོ་བ་ལ་ཞེན་ཆགས་བྱེད་ཀྱིན་ཡོད་དམ། ལམ་བུ་ཅི་འདྲ་ཞིག་གདམ་པ་དང་བྱ་བ་ཅི་འདྲ་ཞིག་གཉེར་བར་བསམ་བློ་ནན་མོ་ཞིག་གཏང་ཡོད་དམ། གང་ལྟར། སློབ་སྦྱོང་བྱས་བྱས་མཐར། རང་གི་རིན་ཐང་ཅི་ཡང་མངོན་མ་ཐུབ་པར་གཞན་ལ་ལག་རོགས་བྱས་ཏེ་མི་ཚེ་ཟད་ཐབས་དང་། ཐ་ན་རང་གི་བསམ་བློ་དེ་ཡང་གཞི་ནས་འགྱུར་སོང་བ་ཞིག་ཏུ་གྱུར་མེད་པར་སྨོན།གལ་ཏེ། ཁྱོད་ལ་བྱ་བ་ཞིག་རེག་མེད་ནའང་། ཁྱོད་ཀྱིས་རང་ཉིད་ཀྱི་ལྷག་བསམ་དཀར་པོར་སྲུང་འཛིན་བྱེད་ཀྱིན། ལས་འབྲས་ལ་ཡིད་ཆེས་དང་། ཤེས་བྱ་ལ་བརྩོན་འགྲུས། རང་ཉིད་ལ་གུ་ཡངས་གནང་རོགས་ཞུ།ང་ལ་མཚོན་ན། ཁྱོད་ཀྱིས་ཕུགས་བསམ་དང་དགའ་ཕྱོགས་གོས་སུ་གྱོན་ཏེ། བདེ་སྐྱིད་ལྡན་པར་ཕ་མའི་གམ་དུ་འཚོས་ཡོད་ན་ངའི་བསམ་དོན་འགྲུབ་པ་ཡིན་ནོ།།རྩོམ་སྒྲིག་པ།:འཕགས་ཆེན།
ཡོངས་ཁུངས།:འཕགས་ཆེན་འཕྲིན་སྟེགས།
公众号!©Pagchen杷青
![]()
འཕྲིན་སྟེགས་ལ་དོ་ཁུར་བྱོས།