དཔྱིད་ཀྱི་དཔལ་མོ།
སླེབས་བྱུང་།
ང་དང་མཚུངས་པའི་དཔྱིད་ཀྱི་དཔལ་མོ་དེ་ཉིད་སླེབས་བྱུང་།
ཁྱོད་ཉིད།
དགུན་རྒྱ་སྟག་འདྲ་བའི་གདུག་རྩུབ་ཀྱི་ཞེད་སྣང་དང་བྲེད་དངངས་ཀྱི་ཀློང་ནས་ཐར་ཐུབ་པས་ངས་ཁྱོད་ལ་རྟེན་འབྲེལ་ཞུ།
ཁ་བ་དང་བུ་ཡུག་འཚུབ་པའི་དུས་ཚིགས་ཕལ་མོ་དེ་ཉིད་རྒྱང་དུ་བསྐྲད་ནས་སླེབས་ཐུབ་པས་ངས་ཁྱོད་ལ་རྟེན་འབྲེལ་ཞུ།
གྲང་ངར་དང་ལྷག་རླུང་གིས་གཙེས་པའི་དགུན་ཟླ་གསུམ་པོའི་གསེང་ནས་རྡོལ་ཐུབ་བྱུང་བས་ངས་ཁྱོད་ལ་རྟེན་འབྲེལ་ཞུ།
ཁྱོད་སླེབས་མཚམས་སུ།
ཁུ་བྱུག་སྔོན་མོས་གྲེ་འགྱུར་སྙན་པའི་གསུང་དབྱངས་སྒྲོག་གིན་ཁྱོད་ལ་རྟེན་འབྲེལ་ཞུ་བཞིན་འདུག
རྐང་དྲུག་གཞོན་ནུས་ད་དིར་གྱི་དབྱངས་སྙན་སྒྲོག་གིན་ཁྱོད་ལ་ཁམས་བདེ་འདྲི་བཞིན་འདུག
འདབ་ལྡན་མེ་ཏོག་དགའ་བའི་འཛུམ་ཕྲེང་ངོམ་བཞིན་ཁྱོད་ལ་བསུ་མ་བྱེད་ཀྱིན་འདུག
མདོར་ན། ཡོད་ཚད་ཀྱིས་ཁྱོད་ཉིད་དགུན་དུས་ཀྱི་ལྷགས་རླུང་སོགས་ལ་མ་འཛེམས་པར་སྙིང་སྟོབས་དང་སྤོབས་པ་བསྐྱེད་ཅིང་ས་གཞིའི་དབྱིངས་སུ་ཡོང་ཐུབ་པར།
བསྟོད་བསྔགས་འབུལ་གྱིན་འདུག
རྟེན་འབྲེལ་ཞུ་བཞིན་འདུག
སྨོན་ཚིག་སྒྲོག་གིན་འདུག
དེ་ཚོས།
ཁྱོད་ཀྱིས་ད་དུང་འདི་ལས་ལྷག་པའི་མཚར་སྡུག་གི་ཁོར་ཡུག་ཅིག་བསྐྲུན་ཐུབ་པར།
རེ་སྨོན་རྒྱོབ་ཀྱིན་འདུག
རེ་བས་འདེག་གིན་འདུག
ངང་སྒུག་བྱེད་ཀྱིན་འདུག
དེའི་ཕྱིར་འུ་གཉིས་ཀྱིས་ལག་ཟུང་སྦྲེལ་ཏེ་ཁོང་ཚོའི་བློ་ཡིད་ཚིམ་པའི་མཚར་སྡུག་གི་ཁོར་ཡུག་ཅིག་བསྐྲུན་པར་ལམ་དུ་ཆས་འགྲོ།
འདི་ནི་སློབ་ཆེན་ལོ་ངོ་བཞི་པོའི་རིང་དཀའ་སྡུག་གྲངས་མེད་མྱོང་བཞིན་བདེ་ལེགས་ངང་མཐར་ཕྱིན་པའི་ཁོ་མོ་རང་ཉིད་ལ་ལེགས་སྐྱེས་ཀྱི་ཚུལ་དུ་རབ་རྒྱན་ས་ཕག་ལོའི་ནག་པ་ཟླ་བའི་དཀར་ཕྱོགས་དགའ་བ་གཉིས་པའི་ཉིན་མོར་ཕུལ།
སྨོན་ཚེ་བཟང་མོ།
(ཡུལ་ཤུལ)
རུས་མིང་། མདུན་འཚོལ་བཟང་མོ།
ཕ་ཡུལ། ཡུལ་ཤུལ་འབྲོང་མདའ།
སློབ་གྲྭ། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་ཤེས་རམས་ཞིབ་འཇུག་སློབ་མ།
རྩོམ་སྒྲིག་པ།:འཕགས་ཆེན།
ཡོངས་ཁུངས།:འཕགས་ཆེན་འཕྲིན་སྟེགས།
公众号!©Pagchen杷青