སྦས་ཡུལ་མེ་ཏོག་རྫོང་གི་ངོ་མཚར།
གྱེན་འཕྱུར་གནམ་གྱི་ཡོལ་འདེགས་ཀ་བ་བྱས། །
དེ་ལ་རྦབ་ཆུ་དར་གྱི་ཤམ་བུ་འཕྱང་། །
མཁའ་ནས་མུ་ཏིག་ཕོན་པོ་འཐོར་བ་བཞིན། །
ཚང་ཚིང་ནགས་ཀྱི་གསེབ་ཏུ་ལྷུང་བ་འདི། །
སྦས་ཡུལ་མེ་ཏོག་རྫོང་གི་ངོ་མཚར་ཞིག །
རི་བོ་གཡུ་ཡི་གོ་ཁྲབ་རྟག་ཏུ་བཙན། །
སྡོང་པོ་མེ་ཏོག་དཀར་དམར་སེར་གསུམ་བཞད། །
མཁྲང་ཟླུམ་འོ་འཛིན་ངོམས་འདྲའི་ཤིང་འབྲས་སོགས། །
སྣ་ཚོགས་ལྗོན་རིགས་གྲངས་མེད་འཛོམས་པ་འདི། །
སྦས་ཡུལ་མེ་ཏོག་རྫོང་གི་ངོ་མཚར་ཞིག །
ཆུ་བོའི་ཁ་ཞེང་ཟམ་གྱིས་ཆོད་མིན་ཅིང་། །
རི་ཚོགས་ཕྲེང་བ་གྲངས་ཀྱིས་གཞལ་མིན་པའི། །
ཉིན་སྲིབ་རི་ཡི་ཚལ་དུ་གནའ་བོའི་གྲོང་། །
མ་ཉམས་དེང་གི་དུས་སུ་ཤར་བ་འདི། །
སྦས་ཡུལ་མེ་ཏོག་རྫོང་གི་ངོ་མཚར་ཞིག །
རི་གཟར་འཕྲང་ལམ་བྱ་ཡི་གཤོག་པས་མིན། །
རི་འགག་དོག་པོར་ཕ་ཝང་ཐར་དཀའ་ཡང་། །
ཕྱི་རོལ་འཇིག་རྟེན་ཡུལ་གྱི་ཐོན་རྫས་གསར། །
དྲེལ་དང་མི་ཡི་རྒྱབ་ལ་བརྟེན་པ་ཡིས། །
མི་མང་མི་ཉུང་འཛོམས་པའི་ལོངས་སྤྱོད་འདི། །
སྦས་ཡུལ་མེ་ཏོག་རྫོང་གི་ངོ་མཚར་ཞིག །
མར་བལྟས་ཆུ་ཀླུང་གཅོང་རོང་མཐིལ་ནས་འབབ། །
ཡར་བལྟས་ས་འཛིན་སྤྲིན་པའི་གསེབ་ཏུ་ཟུག །
བར་གྱི་གཞུང་ལམ་ཐག་པའི་འཁྱོག་གཟུགས་སུ། །
འཁོར་ལོ་བཞི་ཡི་ཕྲེང་བའི་རྒྱུན་བསྟར་འདི། །
སྦས་ཡུལ་མེ་ཏོག་རྫོང་གི་ངོ་མཚར་ཞིག །
ཟས་ཀྱི་གཡོས་སྦྱོར་རྡོ་ཡི་སྣོད་དུ་བྱས། །
ཡོ་བྱད་ཅ་ལག་སྦ་དང་སྨྱུག་མའི་རིགས། །
ཤིང་གི་ཁང་པ་རྩྭ་ཡི་ཀླད་ཁེབ་ཅན། །
འབྲས་ལྡན་ལྗོན་པའི་ར་བར་སྦས་པ་འདི། །
སྦས་ཡུལ་མེ་ཏོག་རྫོང་གི་ངོ་མཚར་ཞིག །
གཙང་པོའི་འབྱུང་འགོ་རྟ་མཆོག་ཁ་འབབ་ཡིན། །
འབབ་རྒྱུན་རིང་མོ་ལྷོ་ཡི་རྒྱ་མཚོར་གཏད། །
རིགས་ཀྱི་རྩ་བ་གངས་ཀྱི་ཡུལ་ཐུག་པའི། །
ཆ་ལུགས་འདྲ་མིན་འཇའ་ཚོན་བགོས་པ་ཅན། །
སྦས་ཡུལ་མེ་ཏོག་རྫོང་གི་ངོ་མཚར་ཞིག །
རི་དང་བྲག་ཕུག་གཅན་གཟན་ཁོ་ནས་མིན། །
འཆི་མེད་ཚེ་ཡི་རིག་འཛིན་གཉེར་མཁས་པའི། །
བྱིན་རླབས་དྲོད་ཀྱི་སྨུག་སྤྲིན་མ་ཡལ་བའི། །
གནས་ཀྱི་བཀོད་པ་བསམ་མི་ཁྱབ་པ་འདི། །
སྦས་ཡུལ་མེ་ཏོག་རྫོང་གི་ངོ་མཚར་ཞིག །
དྭངས་གསལ་པདྨ་བཀོད་པའི་མེ་ལོང་ཆེ། །
གངས་དང་ནགས་ཀྱིས་མ་བསྒྲིབས་མཛེས་པའི་ངོས། །
མཆོད་མཇལ་བུང་བ་སྤྲིན་ཚོགས་དད་པའི་གདོང་། །
འཛུམ་པའི་ཨུཏྤལ་བཞད་པས་རབ་མཆོད་པ། །
སྦས་ཡུལ་མེ་ཏོག་རྫོང་གི་ངོ་མཚར་ཞིག །
གདོང་དམར་སྤྲེལ་རྒན་བྱོན་པའི་ངོ་མཚར་གཏམ། །
ཡར་ལུང་ཡུལ་གྲུའི་ལོ་རྒྱུས་རིང་མོ་བཅས། །
གཙང་ཆེན་རླབས་ཀྱི་ཟེགས་མས་འདྲེན་པའི་རྒྱུན། །
དུས་རབས་གསར་བའི་གྲོགས་སུ་བསིལ་བ་འདི། །
སྦས་ཡུལ་མེ་ཏོག་རྫོང་གི་ངོ་མཚར་ཞིག །
ཕྱི་ཡི་ལྕགས་རི་གཡུ་ཡི་ཆུ་སྐྱོབ་ཅན། །
ནང་གི་བཀོད་པ་མོན་དང་གློ་བ་སོགས། །
གཅིག་ཕན་གཅིག་ལ་བརྟེན་པའི་འཆམ་མཐུན་གྱིས། །
དཔལ་ཡོན་གསར་བའི་ཕྱོགས་སུ་སྐྱོད་པ་འདི། །
སྦས་ཡུལ་མེ་ཏོག་རྫོང་གི་ངོ་མཚར་ཞིག །
༢༠༢༡-༦-༨མེ་ཏོག་རྫོང་ནས་བྲིས།
ནག་ཤུལ་ཚུལ་ཁྲིམས་དཔལ་ལྡན།
(ཡུལ་ཤུལ)
ཡོངས་ཁུངས། འཕགས་ཆེན་འཕྲིན་སྟེགས།
རྩོམ་སྒྲིག་པ།:འཕགས་ཆེན།
公众号!©Pagchen杷青