འཕགས་ཆེན།
ས་གཞི་འདི་མཐོ་སོང་བསམས་ཏེ
ནམ་མཁའ་འདི་དམའ་སོང་སྙམ་ཡང
ཁྱེད་རང་འཁོར་བའི་ནགས་ནས་བྲོས་པའི་གཏམ་རྒྱུད་དེ
ཐར་པའི་བྲག་ལ་འཛེགས་པའི་རྣམ་ཐར་དེ
ད་ལྟའང་གངས་ཏེ་སེའི་གཡང་གཟར་ནས་བོར་མི་འདུག
ངས་གསལ་སྒྲིབ་མེད་པར་མཐོང་སོང
ཉིན་འདི་དག་ལ
གངས་ཀྱི་རྒྱལ་པོ་ཏེ་སེ་ནས
ཁྱེད་ཀྱི་དཀའ་ཐུབ་ལ་ཡིད་འཕྲེང་སྟེ
ཁྱེད་ཀྱི་ཡེ་ཤེས་ལ་གཞི་བཅོལ་ནས
གསོལ་འདེབས་ཐེངས་འགའ་ཞུས་ཡོད
གསོལ་འདེབས་ང་ཡིས་མི་བྱེད་ན་སུ་ཡིས་བྱེད་ཨང
འཛམ་གླིང་གི་ཡང་རྩེ་ནས
མཁའ་དབྱིངས་ཀྱི་མངའ་རིས་མཐོ་ཞིང་བརྗིད
ཁྱེད་ནི་དེ་ལས་ཀྱང་བླ་ན་མེད་པ་ཞིག
ཁྱེད་ཀྱི་བརྩོན་འགྲུས་གཅིག་པུར་ལ་བསམས་ན
སྲ་བ་རྡོ་རྗེའི་བྲག་ཀྱང་དཀར་ཡོལ་ལས་སྙི་ངེས
མི་ལ་རས་པ
གངས་ཏེ་སེ་འདི་རི་ཡི་རྒྱལ་པོ་ཡིན་པ་བཞིན
ཁྱེད་ཀྱང་གྲུབ་པའི་གཙུག་རྒྱན་བཞད་པ་རྡོ་རྗེ
འཇིག་རྟེན་སླུ་བས་ཁྱབ་ནའང
ཁྱེད་ལ་སྐྱོན་ཞིག་མངའ་ནས་རྙེད་མཁན་མི་འདུག
ཐུགས་རྗེས་ཁྱེད་ཀྱིས་མི་གཟིགས་ན་སུ་ཡིས་གཟིགས་ཨང
ངའི་སེམས་འདི་བརྐུས་སོང་བ་མ་ཡིན་པར
གངས་རིན་པོ་ཆེའི་བང་རིམ་བརྒལ་ནས
གནམ་ས་ལྟ་བུའི་དད་པ་དང་དམ་ཚིག་གིས
མི་ལ་རས་པའི་རྒྱལ་ཁམས་སུ་ཁྲིད་སོང
ནམ་མཁའ་ལྟ་བུའི་མི་ལ་རས་ཆེན་དྲན་སོང
གངས་ལ་ཉི་མ་ཤར་འདྲ་ནི་མི་ལ་རས་པ
རང་བྱུང་ལྷུན་གྱིས་གྲུབ་པ་ནི་གངས་དཀར་ཏེ་སེ
དུས་ཚོད་ཀྱི་འཕུར་གྲུ་ནང་ནས་ང་ཚོ་འཕྲད་སོང
རྫུལ་འཕྲུལ་དང་གྱད་རྡོ ལྟ་བ་དང་རྟོགས་པ
ཡོད་ཚད་གསལ་ལྷམ་མེར་གངས་ཀྱི་མཆོད་རྟེན་དུ་ཡོད་དེ
ཚེ་གཅིག་ལུས་གཅིག་གི་སངས་རྒྱས་གསོན་པོ
ཏེ་སེ་སེང་གདོང་དཀར་མོ་ཞོན་ཏེ
སྲིད་ཞིའི་ཕ་རོལ་ཏུ་ཕེབས་སོང
དད་པ་འདི་ཆུང་སོང་བསམས་ཏེ
སྐལ་བ་འདི་དམན་སོང་སྙམ་ཡང
ཁྱེད་རང་ཕེབས་ཤུལ་ན་ད་དུང་ཁྱེད་རང་བཞུགས་འདུག
དད་པ་ཁྱེད་ལ་མི་བྱེད་ན་སུ་ལ་བྱེད་ཨང་།
2021.7.8ཉིན་གངས་རིན་པོ་ཆེ་ནས་བྲིས།
འཕགས་ཆེན།
(ཡུལ་ཤུལ)
ཡོངས་ཁུངས། འཕགས་ཆེན་འཕྲིན་སྟེགས།
རྩོམ་སྒྲིག་པ།:འཕགས་ཆེན།
公众号!©Pagchen杷青