ཀུན་མཁྱེན་པདྨ་དཀར་པོས་མཛད།
བཅོམ་ལྡན་སྙིང་རྗེའི་གཏེར་ཆེན་སྤྱན་རས་གཟིགས། །
འཕགས་པའི་ཡུལ་དུ་དཔལ་ལྡན་ནཱ་རོ་པ། །
ཁ་བ་ཅན་འདིར་འགྲོ་མགོན་འབྲུག་པ་ཞེས། །
སྤྲུལ་པས་བསྟན་པ་འཛིན་དེར་ཕྱག་འཚལ་ལོ། །
དད་དང་སྙིང་རྗེའི་དབང་སོང་ངེས་འབྱུང་གིས། །
འཕགས་པ་དགྱེས་པའི་ཚུལ་ཁྲིམས་ལེགས་སྤྱད་པས། །
འདོད་ལ་སྲེད་པའི་སེམས་ནི་རིང་དུ་བསྐྲད། །
བརྟུལ་ཞུགས་འགྲན་ཟླ་མེད་དེར་ཕྱག་འཚལ་ལོ། །
གཙུག་ལག་གཞུང་ལུགས་ཇི་སྙེད་ཁོང་དུ་ཆུད། །
ཤིན་ཏུ་སྦྱངས་པས་བླང་དོར་ཀུན་ལ་མཁས། །
མཉམ་གཞག་དྲི་མེད་བློ་ཡིས་མངོན་སུམ་གཟིགས། །
ཐོས་བསམ་སྒོམ་པ་མཐར་སོན་དེར་ཕྱག་འཚལ། །
ཐུབ་བསྟན་དྲི་མ་མེད་པའི་བདུད་རྩིའི་ཆུས། །
འགྲོ་བའི་རྨོངས་པ་མཐའ་དག་བཀྲུས་བྱས་ནས། །
བློ་གྲོས་རིན་ཆེན་རྒྱན་ཚོགས་སྦྱིན་མཛད་པ། །
མི་ཕམ་པདྨ་དཀར་པོ་དེར་ཕྱག་འཚལ། །
ཁྱོད་ཀྱིས་སྲིད་ཞི་མཉམ་པར་མཁྱེན་པའི་མཐུས། །
དད་པས་བསྟེན་ན་མཆོག་གི་དངོས་གྲུབ་འབྱུང་། །
གནོད་པ་བགྱིས་ཀྱང་ཕན་བདེའི་རྒྱུར་འགྱུར་བ། །
འབྲེལ་ཚད་དོན་དང་ལྡན་དེར་ཕྱག་འཚལ་ལོ། །
འཆད་ན་ལེགས་བཤད་བྱེ་བའི་སྒོ་འབྱེད་ཅིང་། །
རྩོད་ན་ཕས་ཀྱི་རྒོལ་བ་མ་ལུས་འཇོམས། །
རྩོམ་ན་ཐུབ་པའི་དགོངས་པ་ཐོགས་མེད་འགོད། །
ཕྱོགས་ལས་རྣམ་པར་རྒྱལ་བ་དེར་ཕྱག་འཚལ། །
འགྲོ་བའི་རེ་བ་སྐོང་མཛད་དཔག་བསམ་ཤིང་། །
རྟག་ཏུ་ཆོས་སྒྲ་སྒྲོག་བྱེད་རྔ་ཆེན་པོ། །
བགྲང་ཡས་ཡོན་ཏན་ཀུན་གྱི་རིན་ཆེན་གཏེར། །
དཔལ་ལྡན་ངག་དབང་ནོར་བུ་དེར་ཕྱག་འཚལ། །
དེ་ལྟར་བསྟོད་པའི་དགེ་བ་བསམ་ཡས་ཀྱིས། །
སྐྱེ་བ་ཀུན་ཏུ་དཔལ་ལྡན་འབྲུག་པ་ཡི། །
བསྟན་ལས་ཐར་པའི་ལམ་ཀུན་ལེགས་བགྲོད་དེ། །
སེམས་ཅན་ཐམས་ཅད་སྒྲོལ་བའི་བྱེད་པོར་ཤོག །
ཅེས་རང་གིས་རང་ལ་བསྟོད་པ་མཁས་པ་རྣམས་ཀྱིས་སྨད་པར་མཛད་མོད་ཀྱང་། གཞན་ལ་སྨན་པའི་ཆེད་དུ་སྒྲུབ་པ་ལེགས་བཤད་ཡིན་པས། དེས་ན་འདིའང་ཟ་ཧོར་གྱི་རིགས་སུ་འཁྲུངས་པའི་སྟོབས་ཀྱིས་འཁོར་ལོས་བསྒྱུར་བ་མི་དབང་དོན་གྲུབ་རྡོ་རྗེ་དཔལ་བཟང་པོའི་བཀའ་ནན་མ་ཆོག་པས། ༧ཤཱཀྱའི་དགེ་སློང་མི་ཕམ་པདྨ་དཀར་པོ་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེས་ཆོས་ཀྱི་རྒྱལ་པོའི་མདུན་ས་འཕྱིང་བར་སྟག་རྩེ་ཞེས་པའི་ཕོ་བྲང་དུ་སྦྱར་བའོ། །
ཀུན་མཁྱེན་པདྨ་དཀར་པོའི་འདས་མཆོད།
ཡོངས་ཁུངས། པདྨ་དཀར་པོ།
རྩོམ་སྒྲིག་པ།:འཕགས་ཆེན།
公众号!©Pagchen杷青