གངས་ཅན་བོད་ཀྱི་རིན་ཐང་མེད་པའི་ནོར།།
གངས་ཅན་རིག་གནས་འཛིན་སྐྱོང་སྤེལ་བ་ཡི།།
གངས་ཅན་མཁས་པའི་ཁྲོད་ཀྱི་རྒྱུ་སྐར་མགོན།།
གངས་ཅན་རྒྱན་གཅིག་བསེ་ཚང་དཔལ་ལྡན་མཚན།།
དམ་པའི་སྤྲུལ་སྐུ་དམ་པའི་ཡོན་ཏན་མཛེས།།
དམ་པའི་སྤྱོད་ཚུལ་དམ་པའི་ལས་ལ་བརྩོན།།
དམ་ཆོས་རིག་གནས་དམ་པའི་ལུགས་བཞིན་སྤེལ།།
དམ་པའི་མཛད་རྗེས་དམ་པའི་དཔལ་དུ་བརྗིད།།
ཀྱག་ཀྱོག་གསེར་མས་གང་བའི་ཤུལ་ལམ་རིང་།།
ཞུམ་མེད་སྙིང་སྟོབས་ཤུགས་ཀྱིས་རབ་བསྐྱོད་ནས།།
རིགས་ཀྱི་ཕན་བརྩོན་གྲགས་སྙན་དབྱར་རྔའི་སྒྲས།།
རྨོངས་དགུན་མཐར་བསྐྲད་དཔྱིད་ཀྱི་དཔལ་ཡོན་བསུས།།
དོན་བཟང་གཞུང་ཆེན་ཆུ་བོ་སྟོང་གི་བཅུད།།
ཚིག་སྙན་དབྱངས་ཅན་འཕང་འགྲོའི་རྒྱུད་ལས་དྲངས།།
རིག་གནས་རྒྱུན་བཟང་ཆད་མཐུད་འཆི་གསོའི་སྨན།།
རྩོམ་འཆད་མཛད་འཕྲིན་བསིལ་ལྗོངས་དཔལ་དུ་བརྗིད།།
དགེ་ལྡན་གྲུབ་མཐའ་བསྟན་སྙིང་གནད་ཕྱེ་ཞིང་།།
འཕགས་བསྟོད་རྒྱས་འགྲེལ་སྟོན་པའི་མཛད་མཆོག་བསྟན།།
ཚངས་སྲས་བཞད་སྒྲ་ངག་རིག་པདྨོའི་ཚལ།།
རྒྱས་པར་གསོ་བའི་བདུད་རྩིའི་ཆར་དུ་གྲུབ།།
ཕལ་ཆེར་གཞན་དོན་ལྷག་བསམ་རྩྭ་ལྟར་དོར།།
རང་དོན་སྲོག་ལས་གཅེས་པར་འཛིན་པའི་དུས།།
བསྟན་འགྲོའི་ཕན་བདེ་ཁོ་ནར་འབད་པ་ཡི།།
སྐྱེས་མཆོག་བྱང་སེམས་མཛད་པར་སྙིང་ནས་འདུད།།
དམ་པ་གང་གི་མཛད་རྗེས་རྒྱ་མཚོ་ལས།།
འཇིག་རྟེན་ཕལ་བའི་མཐུན་སྣང་གཙོ་བྱས་ཏེ།།
ཆུ་ཐིགས་ཙམ་ཞིག་དྲང་བོར་བརྗོད་པའི་དགེས།།
ཡ་རབས་ལུགས་བཟང་སྲིད་མཐར་རྒྱས་པར་ཤོག།
རྩོམ་སྒྲིག་པ།:འཕགས་ཆེན།
公众号!©Pagchen杷青