དམག་འཁྲུག་དེའི་དབང་གིས།
འཕགས་ཆེན། (ཡུལ་ཤུལ)
མི་སེམས་ལ་ཚེར་མ་ཟུག་པ་མང་བ་དེ་ནི
དམག་འཁྲུག་དེའི་དབང་གིས་ཡིན་ནམ
རྣམ་ཤེས་དང་མཚོན་ཆའི་གླ་བོ་བྱེད་དུས
རང་ཉིད་རྒྱལ་འདོད་ཀྱི་དབུགས་བསྒོམས
ཀུན་ལ་དབང་བའི་བསིལ་གྲིབ་དེའི་ཆེད་དུ
ཞེན་ཆགས་ཀྱིས ཞེ་སྡང་གིས གཏི་མུག་གིས
མི་ཁོམ་པའི་བདག་པོ་བྱེད
ནམ་རྒྱུན་ལས་ལྡོག་སྟེ
ལག་ཟུང་རྩུབ་མོ་ཞིག་བསྲིང་ཡོང་དུས
ངོ་གདོང་སྐྱོ་མོ་ཞིག་འགུལ་ཡོང་དུས
ཞེན་དོན་ཆེ་བའི་འདབ་ཆགས་དག་གིས་ཚང་མལ་སྲུང་བཞིན་འདུག
དཔའ་སྤོབས་ཆེ་བའི་གཅན་གཟན་དག་གིས་འགྲོ་ལམ་རྩོད་བཞིན་རྒྱུག
རླུང་བུ་ལྡང་བ ཐལ་རྡུལ་འཚུབ་པ ཤ་ཁྲག་འཐོར་བ
འདར་འདར་ཤིག་ཤིག་གི་དུས་ཚོད་དེ་ནི ཚ་ཚ་འུར་འུར་གྱི་གནམ་ས་དེ་ནི
གཡུལ་སར་འབུས་པའི་ཐ་སྙད་ཆག་རོ་ཞིག་གི་བརྗོད་བྱ་ཉག་ཅིག
སྨྲ་བསམ་བརྗོད་འདས་མང་བ་དེ་ནི
དམག་འཁྲུག་དེའི་དབང་གིས་ཡིན་ནམ།
2022.2.26ཉིན་བྲིས།
རྩོམ་སྒྲིག་པ།:འཕགས་ཆེན།
公众号!©Pagchen杷青