tianshangali1
阿里地区融媒体中心官方账号。投稿邮箱1362699244@qq.com,欢迎投稿。
点击蓝字 关注我们
བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་
ཨུ་ཡོན་ལྷན་ཁང་གི་སྤྱི་བསྒྲགས།
〔2022〕ཨང་5པ།
《བོད་རང་སྐྱོང་ལྗོངས་ཀྱི་དུས་བདེ་འཛུགས་སྐྱོང་སྲོལ་ཡིག》འདི་2022ལོའི་ཟླ་5ཚེས་26ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཞི་བཅུ་པའི་ཐོག་གྲོས་འཆམ་བྱུང་དོན་བཞིན་ད་ལྟ་ཁྱབ་བསྒྲགས་བྱ་རྒྱུ་ཡིན་ཞིང་། 2022ལོའི་ཟླ་8ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུར་དམིགས་སུ་སྤྱི་བསྒྲགས་འདི་སྤེལ་བ་ཡིན།
བོད་རང་སྐྱོང་ལྗོངས་མ་དམངས་འཐུས་མི་ཚོགས་ཆེན་ རྒྱུན་ལས་ཨུ་ཡོན་ལྷན་ཁང་ནས།
2022ལོའི་ཟླ་6ཚེས་6ལ།
བོད་རང་སྐྱོང་ལྗོངས་ཀྱི་དུས་བདེ་འཛུགས་སྐྱོང་སྲོལ་ཡིག
(2022ལོའི་ཟླ་5ཚེས་26ཉིན། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཞི་བཅུ་པའི་ཐོག་གྲོས་འཆམ་བྱུང་བ)
དཀར་ཆག
ལེའུ་དང་པོ། སྤྱིའི་རྩ་དོན།
ལེའུ་གཉིས་པ། ཚན་པ་དང་འཁྲི་འགན།
ལེའུ་གསུམ་པ། སྤྱི་ཚོགས་ཀྱི་ཉེན་ཁ་འགོག་ཟོན་དང་ཆེད་དོན་བཅོས་སྐྱོང་།
ལེའུ་བཞི་པ། སྤྱི་ཚོགས་ཀྱི་མཉམ་སྒྲུབ་བཅོས་སྐྱོང་།
ལེའུ་ལྔ་པ། སྤྱི་དམངས་བཅོས་སྐྱོང་ནང་ཞུགས་པ།
ལེའུ་དྲུག་པ། དཔྱད་ཞིབ་དང་བྱ་དགའ་ཆད་གཅོད།
ལེའུ་བདུན་པ། ཞར་བྱུང་།
ལེའུ་དང་པོ། སྤྱིའི་རྩ་དོན།
དོན་ཚན་དང་པོ། སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་དུ་འགྱུར་བའི་ཆུ་ཚད་མཐོ་རུ་གཏོང་བ་དང་། མཉམ་སྐྲུན་མཉམ་སྐྱོང་མཉམ་སྤྱོད་ཀྱི་སྤྱི་ཚོགས་བཅོས་སྐྱོང་རྣམ་པ་གཏོད་པ། བོད་ལྗོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་གཏོང་བ། དུས་བདེའི་བོད་ལྗོངས་སྐྲུན་པ་བཅས་བྱས་ཏེ། རྒྱལ་ཁབ་བདེ་འཇགས་དང་། སྤྱི་ཚོགས་བརྟན་ལྷིང་། མི་དམངས་བདེ་སྐྱིད་བཅས་ཡོང་བའི་འགན་ལེན་བྱེད་ཆེད། འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་། རང་སྐྱོང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་སྲོལ་ཡིག་འདི་བཟོས་པ་ཡིན།
དོན་ཚན་གཉིས་པ། རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་ས་ཁོངས་ནང་དུས་བདེ་འཛུགས་སྐྱོང་བྱ་རྒྱུའི་ལས་དོན་ཐད་སྲོལ་ཡིག་འདི་སྤྱད་ན་འཐུས།
སྲོལ་ཡིག་འདིའི་ནང་བརྗོད་པའི་དུས་བདེ་འཛུགས་སྐྱོང་ཞེས་པ་ནི་སྤྱི་ཚོགས་ཡོངས་ཀྱི་སྟོབས་ཤུགས་སྒྲིག་འཛུགས་དང་སྐུལ་སློང་བྱས་ཏེ། སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་དང་གསར་གཏོད་བྱེད་པ་དང་། སྤྱི་ཚོགས་ཀྱི་ཉེན་ཁར་ལྟ་སྡོམ་བྱེད་ནུས་ཆེ་རུ་གཏོང་བ། སྤྱི་ཚོགས་ཀྱི་འགལ་བར་ཉེན་ཟོན་དང་འདུམ་སེལ་བྱེད་པ། ཁྲིམས་འགལ་ཉེས་གསོག་སྔོན་འགོག་དང་ཉུང་དུ་གཏོང་བ། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་བར་འགན་སྲུང་བྱེད་པ། རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་པའི་བདེ་འཇགས་སྲུང་སྐྱོང་བྱེད་པ་སོགས་དུས་བདེ་འཛུགས་གཏོད་ཀྱི་བྱེད་སྒོར་ཟེར།
དོན་ཚན་གསུམ་པ། བདེ་འཇགས་འཛུགས་སྐྱོང་གི་ལས་འགན་གཙོ་བོ་ནི།
(གཅིག)རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་སྲུང་སྐྱོང་བྱ་རྒྱུ་དང་།
(གཉིས)སྤྱི་ཚོགས་བདེ་འཇགས་ཀྱི་འགོག་ཟོན་མ་ལག་འཛུགས་པ་དང་ཚགས་ཚུད་དུ་གཏོང་རྒྱུ།
(གསུམ)དངོས་ཡོད་མི་འབོར་ལ་ཞབས་ཞུ་སྒྲུབ་པའི་དོ་དམ་ལམ་སྲོལ་ཚགས་ཚུད་དུ་གཏོང་རྒྱུ།
(བཞི)གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ།
(ལྔ)བདེ་འཇགས་ཐོན་སྐྱེད་དང་འཕྲལ་རྐྱེན་མྱུར་སེལ་དོ་དམ་གྱི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུ།
(དྲུག)སྤྱི་ཚོགས་ཀྱི་ཉེན་ཁ་དང་འགལ་བའི་རྩོད་གཞིར་ཉེན་ཟོན་དང་འདུམ་སེལ་བྱ་རྒྱུ།
(བདུན)རིགས་འདྲ་མིན་གྱི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་གཏོང་རྒྱུ།
(བརྒྱད)རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱིས་གཏན་འབེབས་བྱས་པའི་དུས་བདེ་འཛུགས་སྐྱོང་གི་ལས་འགན་གཞན་དག་བཅས་སོ།
དོན་ཚན་བཞི་པ། དུས་བདེ་འཛུགས་སྐྱོང་ལས་དོན་སྤེལ་བར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་དང་། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་མཐའ་འཁྱོངས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་མཐའ་འཁྱོངས། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱ་རྒྱུ་མཐའ་འཁྱོངས་བཅས་བྱེད་དགོས།
དུས་བདེ་འཛུགས་སྐྱོང་གི་ལས་དོན་སྤེལ་བར་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས། བདེ་འཇགས་དང་གོང་འཕེལ་ལ་གཅིག་གྱུར་འཆར་འགོད་བྱ་རྒྱུ་མཐའ་འཁྱོངས། དེ་བཞིན་གཏོགས་ཁོངས་བཅོས་སྐྱོང་དང་། ཁྲིམས་ལྟར་བཅོས་སྐྱོང་། ཕྱོགས་བསྡུས་བཅོས་སྐྱོང་། འབྱུང་རྩ་ནས་བཅོས་སྐྱོང་དང་ཆེད་དོན་བཅོས་སྐྱོང་བཅས་བྱ་རྒྱུའི་རྩ་དོན་མཐའ་འཁྱོངས་བྱེད་དགོས།
དུས་བདེ་འཛུགས་སྐྱོང་བྱ་རྒྱུ་ནི་སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་གི་འགན་འཁྲི་ཡིན་ཞིང་། ཏང་ཨུད་ཀྱིས་འགོ་ཁྲིད་དང་། སྲིད་གཞུང་གིས་འགན་འཁུར་བ། དམངས་གཙོའི་ཐོག་ནས་གྲོས་མོལ། སྤྱི་ཚོགས་ཀྱིས་མཉམ་རོགས། སྤྱི་དམངས་ཀྱིས་ཐེ་ཞུགས། ཁྲིམས་སྐྱོང་ལ་བརྟེན་ནས་འགན་སྲུང་། ཚན་རྩལ་ལ་བརྟེན་ནས་འདེགས་སྐྱོར་བཅས་བྱེད་པའི་སྤྱི་ཚོགས་བཅོས་སྐྱོང་མ་ལག་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་བཏང་ནས་མི་ཚང་མར་འགན་འཁྲི་ཡོད་པ་དང་། མི་ཚང་མས་འཁྲི་འགན་གཙང་སྒྲུབ། མི་ཚང་མར་ལོངས་སུ་སྤྱོད་རྒྱུ་ཡོད་པ་བཅས་ཀྱི་སྤྱི་ཚོགས་བཅོས་སྐྱོང་གི་གཅིག་མཐུན་ཚོགས་པ་ཞིག་གཏོད་དགོས།
དོན་ཚན་ལྔ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་དུས་བདེ་འཛུགས་སྐྱོང་གི་ལས་དོན་དེ་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་སྤྱིའི་འཆར་འགོད་ནང་འཇུག་དགོས་ཤིང་། དེ་ངེས་པར་དུ་སྲིད་གཞུང་གིས་སྒྲུབ་འགན་འཁུར་དགོས་པའི་དུས་བདེ་འཛུགས་སྐྱོང་གི་ལས་ཀའི་འགྲོ་གྲོན་རྣམས་རིམ་ཁག་མི་དམངས་སྲིད་གཞུང་གིས་རིམ་པ་དེ་གའི་ནོར་སྲིད་ཀྱི་སྔོན་རྩིས་ཁོངས་སུ་འཇུག་དགོས་པ་མ་ཟད། དཔལ་འབྱོར་གོང་འཕེལ་འགྲོ་བ་དང་བསྟུན་ནས་རིམ་པས་མ་དངུལ་འཇོག་གྲངས་ཀྱང་མང་དུ་གཏོང་དགོས། ཚན་པའི་ནང་ཁུལ་གྱི་དུས་བདེ་འཛུགས་སྐྱོང་ལས་ཀའི་འགྲོ་གྲོན་རྣམས་ཚན་པ་དེ་གས་གཅིག་གྱུར་འཆར་འགོད་བྱས་ནས་ཐག་གཅོད་བྱེད་དགོས།
རིམ་ཁག་མི་དམངས་སྲིད་གཞུང་གིས་ངེས་པར་དུ་མཉམ་འགོག་མཉམ་བཅོས་བྱེད་པའི་དཔུང་ཁག་ལ་དགོས་ངེས་ཀྱི་སྒྲིག་འཛུགས་དང་། ལམ་ལུགས། དངོས་པོ་བཅས་ཀྱི་འགན་སྲུང་བྱེད་དགོས།
དོན་ཚན་དྲུག་པ། དུས་བདེ་འཛུགས་སྐྱོང་གི་ལས་དོན་ལ་གཏོགས་ཁོངས་དོ་དམ་དང་“སུ་ཡིས་དོ་དམ་བྱས་ན་དེ་ཡིས་འགན་འཁུར་རྒྱུ་དང་། སུ་ཡིས་གཉེར་སྐྱོང་བྱས་ན་དེ་ཡིས་འགན་འཁུར་རྒྱུའི”རྩ་དོན་མཐའ་འཁྱོངས་བྱས་ཏེ་འགོ་ཁྲིད་ཀྱི་འགན་འཁྲིའི་ལམ་ལུགས་དང་། སྡེ་ཚན་གྱི་འགན་འཁྲིའི་ལམ་ལུགས། ཚན་པའི་འགན་འཁྲིའི་ལམ་ལུགས་བཅས་རིམ་པ་སྟར་ཆགས་ཀྱིས་འཛུགས་པ་དང་དོན་འཁྱོལ་བྱེད་དགོས།
རིམ་ཁག་ཏང་སྲིད་ཀྱི་འགོ་ཁྲིད་གཙོ་བོ་ནི་དུས་བདེ་འཛུགས་སྐྱོང་གི་འགན་འཁུར་བ་ཨང་དང་པོ་ཡིན་པ་དང་། འགན་བགོས་འགོ་ཁྲིད་ནི་ཐད་ཀའི་འགན་འཁུར་བ་ཡིན་པ། དེ་མིན་འགོ་ཁྲིད་གཞན་དག་གིས་འགན་བགོས་ལས་ཀའི་ཁྱབ་ཁོངས་ནང་གི་དུས་བདེ་འཛུགས་སྐྱོང་གི་འཁྲི་འགན་འཁུར་དགོས་པ་བཅས་ཡིན།
དོན་ཚན་བདུན་པ། དུས་བདེ་འཛུགས་སྐྱོང་གི་ལས་དོན་ཐད་དམིགས་ཚད་དོ་དམ་གྱི་འགན་འཁྲིའི་ལམ་ལུགས་ལག་བསྟར་བྱ་རྒྱུ། རྒྱལ་ཁབ་ལས་ཁུངས་དང་། མི་དམངས་ཚོགས་པ། ཁེ་ལས་བྱ་གཞག་ཚན་པ། དེ་བཞིན་སྤྱི་ཚོགས་རྩ་འཛུགས་གཞན་དག་བཅས་ཀྱིས་ངེས་པར་དུ་ལས་ཀའི་འཁྲི་འགན་གཞིར་བཟུང་། ལས་ཀའི་དམིགས་ཚད་གཏན་འཁེལ་བྱེད་པ་དང་སྦྲགས། ལས་ཀའི་འགན་འཁྲི་དང་། འགན་འཁྲིའི་ཚན་པ། འགན་འཁྲི་འཁུར་མཁན་བཅས་གཏན་འཁེལ་ཁ་གསལ་བཟོ་དགོས།
ལེའུ་གཉིས་པ། ཚན་པ་དང་འཁྲི་འགན།
དོན་ཚན་བརྒྱད་པ། རང་སྐྱོང་ལྗོངས་ཀྱིས་དུས་བདེའི་བོད་ལྗོངས་འཛུགས་སྐྱོང་གི་སྒྲིག་འཛུགས་མཐུན་སྦྱོར་ཚན་པ་བཙུགས་ཐོག རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགོ་ཁྲིད་འོག་དུས་བདེ་འཛུགས་སྐྱོང་གི་ལས་དོན་སྤེལ་དགོས། དུས་བདེ་འཛུགས་སྐྱོང་གི་སྒྲིག་འཛུགས་མཐུན་སྦྱོར་ཚན་པར་ངེས་པར་དུ་ཆེད་དོན་མི་སྣ་བསྐོ་སྒྲིག་བྱས་ནས་དེས་རྒྱུན་ལྡན་གྱི་ལས་ཀའི་འགན་འཁུར་དགོས།
དོན་ཚན་དགུ་པ། རང་སྐྱོང་ལྗོངས་ཀྱི་དུས་བདེའི་བོད་ལྗོངས་འཛུགས་སྐྱོང་གི་སྒྲིག་འཛུགས་མཐུན་སྦྱོར་ཚན་པས་གཤམ་གསལ་གྱི་འཁྲི་འགན་སྒྲུབ་དགོས་པ་སྟེ།
(གཅིག)དུས་བདེ་འཛུགས་སྐྱོང་ཐད་ཀྱི་འབྲེལ་ཡོད་བཅའ་ཁྲིམས་དང་། ཁྲིམས་སྲོལ། དེ་བཞིན་སྒྲིག་སྲོལ་དང་སྲིད་ཇུས་བཅས་དྲིལ་བསྒྲགས་དང་སྒྲིག་འཛུགས་ལག་བསྟར་བྱ་རྒྱུ་དང་།
(གཉིས)དུས་བདེའི་ཀྲུང་གོ་འཛུགས་སྐྱོང་བྱ་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་། དེ་བཞིན་དུས་བདེའི་ཀྲུང་གོ་འཛུགས་སྐྱོང་མཐུན་སྦྱོར་ཚོགས་ཆུང་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱ་རྒྱུ།
(གསུམ)རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ཏེ། དུས་བདེ་འཛུགས་སྐྱོང་གི་ལས་དོན་ལ་གཅིག་གྱུར་འཆར་འགོད་ཀྱིས་མཐུན་སྦྱོར་དང་སྐུལ་འདེད་བཏང་ནས་དུས་བདེ་འཛུགས་སྐྱོང་གི་གལ་ཆེའི་རྩ་དོན་དང་། མཛད་ཕྱོགས་སྲིད་ཇུས། སྤྱིའི་ཇུས་གཞི། ལམ་ལུགས་ལམ་སྲོལ་བཅས་ཞིབ་འཇུག་དང་བཟོ་འབེབས་བྱ་རྒྱུ།
(བཞི)དུས་བདེ་འཛུགས་སྐྱོང་ལ་སྐུལ་སྤེལ་གཏོང་བའི་ལས་ཀའི་ཁྲོད་ཀྱི་གཙོ་ཆེའི་དོན་གནད་དང་གནད་དོན། དེ་བཞིན་གལ་ཆེའི་ལས་དོན་བཅས་ཞིབ་འཇུག་དང་ཐག་གཅོད་བྱ་རྒྱུ།
(ལྔ)དུས་བདེ་འཛུགས་སྐྱོང་ཐད་ཀྱི་གཙོ་ཆེའི་སྲིད་ཇུས་དང་བྱ་ཐབས་ལག་བསྟར་སྒྲིག་འཛུགས་བྱེད་པར་མཛུབ་ཁྲིད་དང་། སྐུལ་འདེད། སྐུལ་སྤེལ་བཅས་གཏོང་རྒྱུ།
(དྲུག)ལྗོངས་ཡོངས་ཀྱི་ཆབ་སྲིད་བདེ་འཇགས་དང་། རྒྱལ་ཁབ་བདེ་འཇགས། སྤྱི་ཚོགས་བདེ་འཇགས། སྤྱི་པའི་བདེ་འཇགས་སོགས་དང་འབྲེལ་བ་ཡོད་པའི་བདེ་འཇགས་བརྟན་ལྷིང་དང་གྲོང་ཁྱེར་ཁོངས་གཏོགས་ཀྱི་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་དུ་འགྱུར་བའི་ལས་དོན་ལ་གཅིག་གྱུར་འཆར་འགོད་ཀྱིས་མཐུན་སྦྱོར་དང་། སྤྱི་ཡོངས་ལ་སྐུལ་སྤེལ། སྐུལ་འདེད་དོན་འཁྱོལ་བཅས་བྱ་རྒྱུ།
(བདུན)དུས་བདེ་འཛུགས་སྐྱོང་གི་འགྱུར་རྣམ་ཁོང་དུ་ཆུད་པ་བྱས་ཏེ་དུས་བཀག་ཐོག་སྤྱི་ཚོགས་བདེ་འཇགས་ཀྱི་དུས་བབ་ལ་དབྱེ་ཞིབ་དང་སྤྱི་ཚོགས་བདེ་འཇགས་ཀྱི་ཉེན་ཁར་ཚོད་སྐོར་བྱ་རྒྱུ།
(བརྒྱད)དུས་བདེ་འཛུགས་སྐྱོང་གི་འགོ་ཁྲིད་ཀྱི་འགན་འཁྲིའི་ལམ་ལུགས་འཛུགས་པ་དང་ཚགས་ཚུད་དུ་གཏོང་བ་དང་སྒྲིག་འཛུགས་ལག་བསྟར་བྱས་ཏེ་རིམ་ཁག་སྡེ་ཚན་ཁག་གི་དུས་བདེ་འཛུགས་སྐྱོང་གི་ལས་ཀའི་གནས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱས་ཐོག དཔྱད་ཞིབ་དང་། གཟེངས་བསྟོད། བྱ་དགའ་སྤྲོད་པ་སོགས་ཀྱི་ལས་དོན་སྤེལ་རྒྱུ།
(དགུ)དུས་བདེ་འཛུགས་སྐྱོང་ཐད་ཀྱི་ཉམས་མྱོང་བཟང་པོ་ཕྱོགས་བསྡོམས་དང་ཁྱབ་སྤེལ་བཏང་ནས་རིགས་པའི་གཞུང་ལུགས་ཞིབ་འཇུག་དང་ལག་ལེན་གསར་གཏོད་བྱེད་པར་སྐུལ་སྤེལ་གཏོང་རྒྱུ།
(བཅུ)དུས་བདེ་འཛུགས་སྐྱོང་གི་ལས་ཀ་གཞན་དག་མཐུན་སྦྱོར་དང་ཐག་གཅོད་བྱ་རྒྱུ་བཅས་སོ།
དོན་ཚན་བཅུ་པ། ས་གནས(གྲོང་ཁྱེར)དང་རྫོང(ཆུད)གིས་དུས་བདེ་འཛུགས་སྐྱོང་གི་སྒྲིག་འཛུགས་མཐུན་སྦྱོར་ཚན་པ་བཙུགས་ཐོག ས་གནས(གྲོང་ཁྱེར)དང་རྫོང་(ཆུད)གི་ཏང་ཨུད་དང་སྲིད་གཞུང་གི་འགོ་ཁྲིད་འོག་དུས་བདེ་འཛུགས་སྐྱོང་གི་ལས་དོན་སྤེལ་དགོས་ཤིང་། དེའི་འཁྲི་འགན་རང་སྐྱོང་ལྗོངས་ཀྱི་དུས་བདེའི་བོད་ལྗོངས་འཛུགས་སྐྱོང་གི་སྒྲིག་འཛུགས་མཐུན་སྦྱོར་ཚན་པའི་འཁྲི་འགན་དཔྱད་གཞིར་བཟུང་ནས་གཏན་འཁེལ་བྱ་རྒྱུ།
དོན་ཚན་བཅུ་གཅིག་པ། རིམ་ཁག་དུས་བདེ་འཛུགས་སྐྱོང་གི་སྒྲིག་འཛུགས་མཐུན་སྦྱོར་ཚན་པས་ངེས་པར་དུ་དུས་བདེ་འཛུགས་སྐྱོང་གི་ལས་ཀའི་དགོས་མཁོར་གཞིགས་ནས་ས་ཁོངས་དེ་གའི་ནང་གི་འབྲེལ་ཡོད་རྒྱལ་ཁབ་ལས་ཁུངས་དང་། དྲག་ཆས་སྟོབས་ཤུགས། མི་དམངས་ཚོགས་པ། ཁེ་ལས་དང་བྱ་གཞག་ཚན་པ་བཅས་དང་། དེ་བཞིན་སྤྱི་ཚོགས་རྩ་འཛུགས་གཞན་དག་དུས་བདེ་འཛུགས་སྐྱོང་གི་ཁོངས་མིའི་ཚན་པར་གཏན་འཁེལ་བྱ་རྒྱུ།
དོན་ཚན་བཅུ་གཉིས་པ། ཁོངས་མིའི་ཚན་པས་ངེས་པར་དུ་ལས་རིགས་དེ་ག་དང་ཁོངས་གཏོགས་དེ་གའི་དུས་བདེ་འཛུགས་སྐྱོང་གི་ལས་ཀའི་ལམ་ལུགས་འཛུགས་པ་དང་ཚགས་ཚུད་དུ་བཏང་ནས་དུས་བདེ་འཛུགས་སྐྱོང་གི་ལས་ཀའི་འཆར་གཞི་བཟོ་བ་མ་ཟད། སྒྲིག་འཛུགས་ལག་བསྟར་བྱེད་པ་དང་། དུས་བདེ་འཛུགས་སྐྱོང་གི་ལས་ཀའི་འཁྲི་འགན་སྒྲུབ་པ། དེ་བཞིན་ལས་རིགས་དེ་ག་དང་ཁོངས་གཏོགས་དེ་གའི་དུས་བདེ་འཛུགས་སྐྱོང་གི་ལས་དོན་ལ་མཛུབ་ཁྲིད་དང་། སྐུལ་འདེད། ཞིབ་བཤེར། དཔྱད་ཞིབ་བཅས་བྱེད་དགོས།
དོན་ཚན་བཅུ་གསུམ་པ། རང་སྐྱོང་ལྗོངས་དང་། ས་གནས(གྲོང་ཁྱེར) རྫོང(ཆུད) ཤང་དང་གྲོང་རྡལ(ཁྲོམ་གཞུང) གྲོང་ཚོ(སྡེ་ཁུལ)བཅས་ཀྱིས་ངེས་པར་དུ་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་བཙུགས་ནས་དེ་ཉིད་སྤྱི་ཚོགས་བཅོས་སྐྱོང་གི་ཐོན་ཁུངས་སྒྲིལ་སྤྱོད་དང་སྤྱི་ཚོགས་བདེ་འཇགས་ཡོང་ཐབས་གསར་གཏོད་བྱེད་པའི་ལས་སྟེགས་ཤིག་ཏུ་བརྩི་དགོས།
དོན་ཚན་བཅུ་བཞི་པ། རང་སྐྱོང་ལྗོངས་དང་ས་གནས(གྲོང་ཁྱེར)ཀྱི་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱིས་གཙོ་བོ་གཤམ་གསལ་གྱི་ལས་དོན་ཁག་སྒྲུབ་དགོས་པ་སྟེ།
(གཅིག)སྤྱི་ཚོགས་བཅོས་སྐྱོང་དང་། བརྟན་ལྷིང་སྲུང་སྐྱོང་དང་དུས་བདེ་འཛུགས་སྐྱོང་ཐད་ཀྱི་བཅའ་ཁྲིམས་དང་། ཁྲིམས་སྲོལ། སྲིད་ཇུས་བཅས་ལག་བསྟར་དོན་འཁྱོལ་བྱས་ནས་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ་སྤེལ་རྒྱུ་དང་།
(གཉིས)སྤྱི་ཚོགས་ཀྱི་བདེ་འཇགས་ཉེན་ཟོན་མ་ལག་འཛུགས་སྐྱོང་བྱ་རྒྱུ་དང་། འགལ་བའི་རྩོད་གཞི་སྣ་ཚོགས་འདུམ་སེལ་བྱེད་པའི་ལས་དོན་སྒྲིག་འཛུགས་དང་མཐུན་སྦྱོར་བྱ་རྒྱུ།
(གསུམ)སྤྱི་ཚོགས་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་གི་དུས་བབ་ལ་དབྱེ་ཞིབ་མཐའ་དཔྱོད་བྱ་རྒྱུ།
(བཞི)དུས་བདེ་འཛུགས་སྐྱོང་དང་སྔོན་ཐོན་གཉིས་ལྡན་དུད་སྦྲེལ་གཏོད་པའི་བྱེད་སྒོར་དཔྱད་ཞིབ་བྱས་ནས་དུས་བདེ་འཛུགས་སྐྱོང་གི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུ།
(ལྔ)འབྲེལ་ཡོད་སྡེ་ཚན་དང་ཚན་པའམ་ཡང་ན་གོང་རིམ་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱིས་བསྒྲུབ་རྒྱུར་རྩིས་སྤྲད་པའི་དོན་གནད་གཞན་དག་དོན་འཁྱོལ་བྱ་རྒྱུ་བཅས་སོ།
དོན་ཚན་བཅོ་ལྔ་པ། རྫོང་(ཆུད)གི་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱིས་རང་སྐྱོང་ལྗོངས་དང་ས་གནས(གྲོང་ཁྱེར)ཀྱི་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ནས་བཀོད་སྒྲིག་བྱས་པའི་ལས་འགན་སྒྲུབ་འགན་འཁུར་དགོས་པ་ཕུད། ད་དུང་སྲིད་འཛིན་ས་ཁོངས་དེ་གའི་ནང་གི་སྤྱི་ཚོགས་བདེ་འཇགས་བཅོས་སྐྱོང་གི་གནས་ཚུལ་ཤེས་རྟོགས་རྒྱུས་ལོན་དང་དབྱེ་ཞིབ་མཐའ་དཔྱོད་བྱེད་དགོས་པ་དང་། གཅིག་གྱུར་གྱི་ཞབས་ཞུའི་དོ་དམ་ལས་སྟེགས་བཙུགས་ཏེ། སྲིད་འཛིན་ས་ཁོངས་དེ་གའི་ནང་གི་མང་ཚོགས་དང་འབྲེལ་བ་ཡོད་པའི་སྤྱི་ཚོགས་ཀྱི་བདེ་འཇགས་དང་འགལ་བའི་རྩོད་གཞིའི་ཐད་ཀྱི་རོགས་སྐྱོར་དང་ཞུ་སྦྱོར་མཉམ་འགུལ་སོགས་ཀྱི་ལས་དོན་ལ་གཅིག་གྱུར་ཐོག་བདག་སྤྲོད་དང་། ཐག་གཅོད། ཁག་བགོས། སྒྲུབ་སྐུལ། ལན་སྤྲོད་བཅས་བྱ་རྒྱུའི་འགན་འཁུར་དགོས།
དོན་ཚན་བཅུ་དྲུག་པ། ཤང་གྲོང་(ཁྲོམ་གཞུང)སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱིས་གོང་རིམ་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ནས་བཀོད་སྒྲིག་བྱས་པའི་ལས་འགན་སྒྲུབ་འགན་འཁུར་དགོས་པ་ཕུད། ད་དུང་སྲིད་འཛིན་ས་ཁོངས་དེ་གའི་ནང་གི་སྤྱི་ཚོགས་བདེ་འཇགས་ཉེན་ཟོན་དང་། འགལ་བའི་རྩོད་གཞི་འདུམ་སེལ། བདེ་འཇགས་ཐད་ཀྱི་མངོན་མེད་རྐྱེན་རྩ་ལེབ་བཤེར་དང་། ཡུལ་བབ་དམངས་འདུན་བསྡུ་རུབ་སོགས་བྱེད་པའི་ལས་ཀའི་འགན་འཁུར་དགོས།
དོན་ཚན་བཅུ་བདུན་པ། གྲོང་ཚོའི(སྡེ་ཁུལ)སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱིས་གཙོ་བོ་དྲ་མིག་ཅན་དང་གཉིས་ལྡན་དུད་སྦྲེལ་གྱི་ཞབས་ཞུ་དོ་དམ་སྒྲིག་འཛུགས་ལག་བསྟར་དང་། འགལ་བའི་རྩོད་གཞི་འདུམ་སེལ་གྱི་སྒྲིག་འཛུགས་མཐུན་སྦྱོར། མང་ཚོགས་ཀྱི་རོགས་སྐྱོར་ཞུ་སྦྱོར་བདག་སྤྲོད། དེ་བཞིན་སྤྱི་ཚོགས་བདེ་འཇགས་ཀྱི་དོ་དམ་བྱ་རྒྱུ་དང་། དངོས་ཡོད་མི་འབོར་དང་དམིགས་བསལ་མི་ཚོགས་ལ་ཞབས་ཞུ་དོ་དམ་བྱ་རྒྱུ། ལྕགས་ལམ་ལམ་སྐྱོང་མཉམ་འགོག་བྱ་རྒྱུ་སོགས་ཀྱི་ལས་དོན་དོན་འཁྱོལ་བཅས་བྱེད་འགན་འཁུར་དགོས།
ལེའུ་གསུམ་པ། སྤྱི་ཚོགས་ཀྱི་ཉེན་ཁ་འགོག་ཟོན་དང་ཆེད་དོན་བཅོས་སྐྱོང་།
དོན་ཚན་བཅོ་བརྒྱད་པ། རིམ་ཁག་དུས་བདེ་འཛུགས་སྐྱོང་གི་སྒྲིག་འཛུགས་མཐུན་སྦྱོར་ཚན་པས་ལོ་ལྟར་འབྲེལ་ཡོད་སྡེ་ཚན་སྒྲིག་འཛུགས་བྱས་ཏེ། སྤྱི་ཚོགས་བརྟན་ལྷིང་ཐད་ཡོང་སྲིད་པའི་ཉེན་ཁར་མཐའ་དཔྱོད་བྱེད་དགོས་པ་མ་ཟད། ཉེན་ཁའི་གདང་རིམ་ཕྱེ་ནས་ཐོལ་བྱུང་དོན་རྐྱེན་ཚབས་ཆེའི་རིགས་ལ་ཁ་གཏད་གཅོག་པའི་ལམ་སྲོལ་དང་ཉེན་ཟོན་སྔོན་བརྡའི་ཆ་འཕྲིན་མཉམ་སྤྱོད་བྱེད་ལམ་བཙུགས་ཏེ། སྔོན་དཔག་བྱེད་པ་དང་། ཉེན་བརྡ་གཏོང་བ། སྔོན་འགོག་བྱེད་པ་བཅས་ཀྱི་ནུས་པ་འདོན་སྤེལ་བྱེད་དགོས། ཐོལ་བྱུང་གྱི་དོན་རྐྱེན་ཐོན་ཚེ། ངེས་པར་དུ་ཁ་གཏད་གང་མགྱོགས་བཅག་ནས་ཁྲིམས་ལྟར་ཐག་གཅོད་བྱེད་དགོས།
དོན་ཚན་བཅུ་དགུ་པ། རིམ་ཁག་དུས་བདེ་འཛུགས་སྐྱོང་གི་སྒྲིག་འཛུགས་མཐུན་སྦྱོར་ཚན་པས་འགལ་བའི་རྩོད་གཞི་སྣ་ཚོགས་འདུམ་སེལ་བྱེད་ལམ་འཛུགས་པ་དང་ཚགས་ཚུད་དུ་བཏང་སྟེ། འབྲེལ་ཡོད་སྡེ་ཚན་སྒྲིག་འཛུགས་ཀྱིས་འགལ་བའི་རྩོད་གཞི་འདུམ་སེལ་བྱེད་པའི་ཆེད་དོན་བཅོས་སྐྱོང་ལས་ཀའི་ཇུས་གཞི་བཟོ་བ་དང་། འགལ་བའི་རྩོད་གཞི་ལེབ་བཤེར་དང་ཆེད་དོན་བཅོས་སྐྱོང་བྱེད་པ། དེ་བཞིན་གཞུང་དཔང་དང་། འདུམ་འགྲིག འདུམ་གཅོད། སྲིད་འཛིན་ཁྲུན་གཅོད། སྲིད་འཛིན་བསྐྱར་གྲོས། གཏུག་བཤེར་སོགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་བཅས་བྱས་ནས་འགལ་བའི་རྩོད་གཞི་དུས་ཐོག་ཏུ་ནུས་ལྡན་ངང་འདུམ་སེལ་བྱ་རྒྱུར་སྐུལ་འདེད་གཏོང་དགོས།
དོན་ཚན་ཉི་ཤུ་པ། རྒྱལ་ཁབ་ལས་ཁུངས་དང་། མི་དམངས་ཚོགས་པ། ཁེ་ལས་དང་བྱ་གཞག་ཚན་པ། དེ་བཞིན་སྤྱི་ཚོགས་ཀྱི་རྩ་འཛུགས་གཞན་དག་བཅས་ཀྱིས་ངེས་པར་དུ་དུས་བདེ་འཛུགས་སྐྱོང་གི་ལས་ཀའི་ལམ་ལུགས་འཛུགས་པ་དང་ཚགས་ཚུད་དུ་བཏང་སྟེ། དུས་རབས་གསར་པའི“ཧྥེང་ཆའོ་ཡི་ཉམས་མྱོང་”གོང་འཕེལ་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ་དང་། སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ། དུས་བདེ་འཛུགས་སྐྱོང་གི་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱེད་པ། གོ་ཆས་འགན་སྲུང་ལ་ཤུགས་སྣོན་རྒྱག་པ། ནང་ཁུལ་གྱི་མི་རྒྱུ་རྩལ་གསུམ་སོགས་ཉེན་ཟོན་བྱེད་ཐབས་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས་པ་དང་། ཚན་པའི་ནང་ཁུལ་གྱི་འགལ་བའི་རྩོད་གཞི་ལེབ་བཤེར་འདུམ་འགྲིག་དང་ཐག་གཅོད་བྱེད་པའི་ལམ་སྲོལ་འཛུགས་པ་དང་ཚགས་ཚུད་དུ་བཏང་སྟེ། དུས་བཀག་ཐོག་འགལ་བའི་རྩོད་གཞི་ལེབ་བཤེར་འདུམ་འགྲིག་དང་ཐག་གཅོད་བྱས་ནས་འཕྲལ་མར་ཉེན་ཁའི་མངོན་མེད་རྐྱེན་རྩ་སེལ་དགོས།
དོན་ཚན་ཉེར་གཅིག་པ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་ངལ་རྩོལ་གྱི་རྩོད་གཞིའི་ཉེན་ཟོན་བྱེད་ལམ་བཙུགས་ནས་ཁྲིམས་ལྟར་དུས་ཐོག་ཏུ་ངལ་རྩོལ་གྱི་རྩོད་གཞི་ཐག་གཅོད་བྱེད་དགོས།
སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་དང་། འགྲིམ་འགྲུལ་སྐྱེལ་འདྲེན། ཆུ་བེད་སོགས་གཙོ་འགན་སྡེ་ཚན་གྱིས་ལས་རིགས་ཀྱི་ལྟ་སྡོམ་འགན་འཁྲི་ལག་བསྟར་བྱས་ཏེ། རྣམ་གྲངས་ཨར་སྐྲུན་ཁེ་ལས་ནས་ཞིང་པ་ལས་མིར་གླ་ཆ་སྤྲོད་པའི་ཐད་ལྟ་སྡོམ་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་ཤིང་། ཁྲིམས་འགལ་ངང་འགན་གཙང་སྤྲད་པ་དང་། འགན་གཙང་གཞན་སྤྲོད་བྱས་པ། ཁྲིམས་འགལ་ངང་འགན་གཙང་བགོ་སྤྲོད་བྱས་པ། བརྟེན་སྦྱར་བྱས་པ། ལས་གྲྭའི་མ་དངུལ་འགྱངས་ཆད་བྱས་པ་སོགས་ཀྱི་རྐྱེན་པས་ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་བྱས་པའི་གྱོད་གཞི་སྒྲུབ་སྐུལ་བྱེད་དགོས། གླ་ཆ་འགྱངས་ཆད་སོགས་ངལ་རྩོལ་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལས་ཚབས་ཆེ་འགལ་བའི་ཁེ་ལས་རིགས་ངེས་པར་དུ་ཡིད་རྟོན་ལྟ་སྡོམ་བྱེད་ཁོངས་སུ་འཇུག་དགོས།
དོན་ཚན་ཉེར་གཉིས་པ། རྒྱལ་ཁབ་ལས་ཁུངས་དང་། མི་དམངས་ཚོགས་པ། ཁེ་ལས་དང་བྱ་གཞག་ཚན་པ། དེ་བཞིན་སྤྱི་ཚོགས་ཀྱི་རྩ་འཛུགས་གཞན་དག་བཅས་ཀྱིས་ཐོན་ཁུངས་བདག་ཁོངས་ཀྱི་རྩོད་གཞི་དང་། ས་ཆ་བསྡུ་ལེན་དང་བཤིག་སྤོ། ལས་གྲྭའི་འཛུགས་སྐྲུན། ཁོར་ཡུག་སྲུང་སྐྱོབ། སློབ་གསོ་དང་འཕྲོད་བསྟེན། རྗེས་འདེད་རོགས་སྐྱོར། བསྡུ་སྤྱོད་དང་ལས་བསྡུ། སློབ་ཞུགས་དང་ལས་ཞུགས། ངལ་རྩོལ་གྱི་རྩོད་གཞི། གཉེན་སྒྲིག་དང་ཁྱིམ་ཚང་སོགས་ཀྱི་ཁྱབ་ཁོངས་སུ་གཙོ་ཆེའི་ཇུས་ཐག་མ་བཅད་གོང་། ངེས་པར་དུ་སྤྱི་ཚོགས་བརྟན་ལྷིང་གི་ཉེན་ཁ་ཐོན་བཟོ་ཡོད་རིགས་ལ་དབྱེ་ཞིབ་དང་ཚོད་སྐོར་བྱས་ནས་ཉེན་ཁ་འགོག་སེལ་བྱ་ཐབས་འདོན་དགོས།
དོན་ཚན་ཉེར་གསུམ་པ། རང་བྱུང་ཐོན་ཁུངས་དང་། ཆུ་བེད། ཞིང་ལས་དང་གྲོང་གསེབ། ནགས་ལས་དང་རྩྭ་ཐང་། སྐྱེ་ཁམས་ཁོར་ཡུག་སོགས་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་སོ་སོའི་འཁྲི་འགན་ལྟར་འབྲེལ་ཡོད་སྡེ་ཚན་ལ་གཞོགས་འདེགས་བྱས་ནས་ས་ཞིང་དང་། ནགས་ཚལ། རྩྭ་ཐང་། གཤེར་ས། ཆུ་བོ་དང་མཚོ་མཚེའུ། གཏེར་ཁ། ནགས་ཁྲོད། དབྱར་རྩྭ་དགུན་འབུ་སོགས་ཐོན་ཁུངས་ཀྱི་བདག་ཁོངས་དང་སྐྱེ་ཁམས་ཁོར་ཡུག་ཐད་ཀྱི་རྩོད་གཞི་ཁྲིམས་ལྟར་འདུམ་འགྲིག་ཐག་གཅོད་བྱ་རྒྱུའི་ལས་དོན་ཡག་པོ་སྒྲུབ་དགོས།
དོན་ཚན་ཉེར་བཞི་པ། མི་དམངས་ཁྲིམས་ཁང་དང་། སྤྱི་བདེ་ལས་ཁུངས། ཁྲིམས་འཛིན་སྲིད་འཛིན་ལས་ཁུངས་བཅས་ཀྱིས་ངེས་པར་དུ་འབྲེལ་ཡོད་སྡེ་ཚན་དང་། མི་དམངས་ཚོགས་པ། སྤྱི་ཚོགས་ཀྱི་རྩ་འཛུགས་གཞན་དག་བཅས་དང་མཉམ་དུ་ཁྱིམ་ཚང་གི་འགལ་བའི་རྩོད་གཞི་འདུམ་འགྲིག་དང་ཐག་གཅོད་བྱེད་ལམ་འཛུགས་པ་དང་ཚགས་ཚུད་དུ་གཏོང་བ་དང་། སྤྱི་བདེའི་བསླབ་བྱའི་ཡི་གེ་དང་མི་ལུས་བདེ་འཇགས་སྲུང་སྐྱོབ་ཀྱི་བཀའ་རྒྱ་སོགས་ཀྱི་ཐབས་རྣམ་འདྲ་མིན་གང་ལེགས་སྤྱད་དེ་ཁྱིམ་ཚང་གི་འགལ་བའི་རྩོད་གཞི་སྔོན་འགོག་དང་འདུམ་སེལ་བྱེད་དགོས།
དོན་ཚན་ཉེར་ལྔ་པ། ཁྲིམས་འཛིན་སྲིད་འཛིན་དང་། འཕྲོད་བསྟེན་བདེ་ཐང་། སློབ་གསོ་སོགས་གཙོ་འགན་སྡེ་ཚན་དང་། དེ་བཞིན་གཞི་རིམ་རྩ་འཛུགས་བཅས་ཀྱིས་ངེས་པར་དུ་རྒྱུན་ལྡན་རང་བཞིན་གྱི་སྤྱི་ཚོགས་ཀྱི་སེམས་ནད་གསོ་བའི་ཞབས་ཞུ་དང་ཉེན་ཟོན་སྔོན་བརྡའི་སྔོན་འགོག་བྱེད་ལམ་འཛུགས་པ་དང་ཚགས་ཚུད་དུ་གཏོང་བ་དང་། ཁྲིམས་ཆད་འཁུར་ཡུན་ཐིམ་ནས་གློད་འགྲོལ་བཏང་བའི་མི་སྣ་དང་། སྡེ་ཁུལ་གྱི་ཡོ་བཅོས་བྱ་ཡུལ། དུག་འཐེན་མཁན། སེམས་པའི་འགོག་རྐྱེན་གྱི་ཚབས་ཆེའི་ནད་གཞི་ཕོག་མཁན། འཚོ་བར་བློ་ཕམ་བྱུང་མཁན། རང་གཤིས་མཁྲེགས་བཟུང་བྱེད་མཁན་སོགས་རིགས་གྲས་ལ་མི་ཆོས་ལྡན་པའི་སེམས་ཁུར་དང་རྗེས་འདེད་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་མི་སྒེར་གྱི་དམིགས་བསལ་གྱོད་གཞི(དོན་རྐྱེན)མི་ཐོན་པ་བྱེད་དགོས།
དོན་ཚན་ཉེར་དྲུག་པ། སྤྱི་བདེ་དང་། རྒྱལ་ཁབ་བདེ་འཇགས། དྲ་འཕྲིན། དེ་བཞིན་འབྲེལ་ཡོད་སྡེ་ཚན་གཞན་དག་བཅས་ཀྱིས་ངེས་པར་དུ་ཆབ་སྲིད་ཀྱི་བདེ་འཇགས་དང་། རྒྱལ་ཁབ་ཀྱི་བདེ་འཇགས། སྤྱི་ཚོགས་ཀྱི་བདེ་འཇགས། དྲ་རྒྱའི་བདེ་འཇགས་སོགས་ཀྱི་བདེ་འཇགས་དུས་བབ་ལ་དབྱེ་ཞིབ་དང་མཐའ་དཔྱོད་བྱེད་ལམ་བཙུགས་ཏེ། བདེ་འཇགས་ཀྱི་དུས་བབ་ལ་ཁྱོན་ཡོངས་ནས་དབྱེ་ཞིབ་མཐའ་དཔྱོད་བྱེད་པ་དང་། སྤྱི་ཚོགས་ཀྱི་གླེང་ཕྱོགས་དང་། བདེ་འཇགས་ཀྱི་འགུལ་རྣམ། གླེང་ཆ་ཆེ་བ་དང་འཚུབ་ཆ་ཆེ་བའི་གནད་དོན་བཅས་ལ་དབྱེ་ཞིབ་སྔོན་དཔག་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ལས་ཀའི་བསམ་འཆར་དང་གྲོས་འགོ་འདོན་དགོས།
དོན་ཚན་ཉེར་བདུན་པ། རང་སྐྱོང་ལྗོངས་ཀྱིས་ངེས་པར་དུ་སྤྱི་ཚོགས་ངོས་ཀྱི་བདེ་འཇགས་འགོག་ཟོན་དྲ་རྒྱ་དང་། འགག་གནད་ཆེ་ས་དང་། དམིགས་བསལ་ལས་རིགས། རྙོག་འཛིང་ཆེ་བའི་འདུ་གནས་བཅས་ཀྱི་བདེ་འཇགས་ལྟ་སྡོམ་དྲ་རྒྱ། ཤང་གྲོང(ཁྲོམ་གཞུང)དང་གྲོང་ཚོའི(སྡེ་ཁུལ)བདེ་འཇགས་འགོག་ཟོན་དྲ་རྒྱ། ལས་ཁུངས་དང་། སློབ་གྲྭ ཁེ་ལས་བྱ་གཞག་ཚན་པ་བཅས་ནང་ཁུལ་གྱི་བདེ་འཇགས་ཉེན་ཟོན་དྲ་རྒྱ། དེ་བཞིན་ས་གནས་དབར་གྱི་མཚམས་འབྲེལ་བདེ་འཇགས་མཉམ་འགོག་དྲ་རྒྱ་སོགས་ལས་གྲུབ་པའི་སྤྱི་ཚོགས་བདེ་འཇགས་ཉེན་ཟོན་མ་ལག་འཛུགས་པ་དང་ཚགས་ཚུད་དུ་བཏང་སྟེ། ཚན་རྩལ་གྱི་འགོག་ཟོན་ནུས་པ་ཆེ་རུ་གཏོང་བ་དང་། ད་ཡོད་ཀྱི་ཐོན་ཁུངས་སྒྲིལ་སྤྱོད་བྱེད་པ། “ཀུན་མཐོང་ལས་གཞིའི”ནུས་པ་འདོན་སྤེལ་བྱེད་པ་བཅས་བྱས་ཏེ་ཁྲིམས་འགལ་ཉེས་གསོག་གི་བྱེད་སྤྱོད་སྣ་ཚོགས་སྔོན་འགོག་དང་རྡུང་རྡེག་གཏོང་དགོས།
དོན་ཚན་ཉེར་བརྒྱད་པ། རང་སྐྱོང་ལྗོངས་ཀྱིས་ངེས་པར་དུ་མི་དམངས་བཅིངས་འགྲོལ་དམག་བོད་སྡོད་དཔུང་སྡེ་དང་དྲག་ཆས་ཉེན་རྟོག་དཔུང་སྡེ་དང་མཉམ་དུ་ས་ཁུལ་དེ་གའི་མི་དམངས་སྲིད་གཞུང་ནས་སྣེ་ཁྲིད་པ་དང་། རྒྱལ་མཚམས་འཛུལ་གྲོལ་མཐའ་སྲུང་ཞིབ་བཤེར(སྤྱི་བདེའི་མཐའ་མཚམས་དོ་དམ)དང་རྒྱལ་ཁབ་བདེ་འཇགས་སོགས་ཀྱི་སྡེ་ཚན་ཞུགས་པའི་མཐའ་མཚམས་ས་ཁུལ་གྱི་མཉམ་འགོག་མཉམ་བཅོས་དང་དུས་བཀག་ལྟར་འབྲེལ་གཏུག་མཐུན་སྦྱོར་ལམ་སྲོལ་འཛུགས་དགོས་པ་དང་། མཐའ་མཚམས་ས་ཁུལ་གྱི་སྤྱི་ཚོགས་བདེ་འཇགས་ཀྱི་ཉེན་ཟོན་མ་ལག་འཛུགས་པ་དང་ཚགས་ཚུད་དུ་བཏང་ཐོག མཐའ་མཚམས་ས་ཁུལ་གྱི་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ལས་དོན་སྤེལ་ཏེ་ཁྲིམས་འགལ་ངང་རྒྱལ་མཚམས་ནས་འཛུལ་གྲོལ་བྱེད་པ་དང་ཁྲིམས་འགལ་ངང་རྒྱལ་ཁོངས་ཕྱིར་གསང་འཕྲིན་མཁོ་འདོན་བྱེད་པ་སོགས་ཀྱི་བྱེད་སྒོའི་རིགས་འགོག་ཟོན་དང་རྡུང་རྡེག་གཏོང་དགོས།
དོན་ཚན་ཉེར་དགུ་པ། ལྟ་ཞིབ་ཨུ་ཡོན་ལྷན་ཁང་དང་། མི་དམངས་ཁྲིམས་ཁང་། མི་དམངས་ཞིབ་དཔྱོད་ཁང་། སྤྱི་བདེ་ལས་ཁུངས། རྒྱལ་ཁབ་བདེ་འཇགས་ལས་ཁུངས། ཁྲིམས་འཛིན་སྲིད་འཛིན་ལས་ཁུངས་སོགས་ཀྱིས་ངེས་པར་དུ་འགན་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། ཁྲིམས་འགལ་ཉེས་གསོག་གི་བྱེད་སྤྱོད་སྣ་ཚོགས་ལ་ཁྲིམས་ལྟར་རྡུང་རྡེག་གཏོང་དགོས་པ་དང་། དགོས་མཁོར་གཞིགས་ནས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ཆེད་དོན་བཅོས་སྐྱོང་བྱེད་དགོས། གྱོད་གཞི་གཉེར་སྒྲུབ་བྱེད་སྐབས་སྤྱི་ཚོགས་བརྟན་ལྷིང་ལ་ཤུགས་རྐྱེན་བཟོ་སྲིད་པའི་མངོན་མེད་རྐྱེན་རྩ་དང་གནད་དོན་ཤེས་རྟོགས་བྱུང་ཚེ། ངེས་པར་དུ་འབྲེལ་ཡོད་སྡེ་ཚན་དང་ཚན་པར་ལྟ་ཞིབ་ཀྱི་གྲོས་འཆར་དང་། ཁྲིམས་འཛིན་གྱི་གྲོས་འཆར། ཞིབ་དཔྱོད་ཀྱི་གྲོས་འཆར། སྤྱི་བདེའི་དྲན་སྐུལ་སོགས་འདོན་དགོས་པ་དང་། གྲོས་འཆར་འདོན་ཡུལ་ཚན་པས་ངེས་པར་དུ་འཕྲལ་མར་ཞིབ་འཇུག་གཉེར་སྒྲུབ་བྱེད་དགོས་པ་མ་ཟད་ལན་སྤྲོད་བྱེད་དགོས།
དོན་ཚན་སུམ་ཅུ་པ། སྤྱི་བདེ་ལས་ཁུངས་དང་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་རྒྱལ་ཁབ་ཀྱི་གོང་བུ་གཅིག་གྱུར་ལ་གཏོར་བཤིག་གཏོང་བ་དང་རྒྱལ་ཁབ་ཁ་ཕྲལ་གཏོང་བ་སོགས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གཏོར་སྐྱོན་གཏོང་བའི་ཁྲིམས་འགལ་ཉེས་གསོག་གི་བྱེད་སྤྱོད་ལ་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱ་རྒྱུ་མ་ཟད། རྒྱལ་ཁབ་ཀྱི་བདེ་འཇགས་སློབ་གསོ་དང་མི་དམངས་ཀྱི་སྲུང་རགས་བསྐྲུན་རྒྱུར་ཤུགས་སྣོན་བརྒྱབ་སྟེ་མངའ་ཁོངས་ཕྱིའི་དགྲ་ཡའི་ཕྱོགས་གཏོགས་ཀྱིས་སྲིད་དབང་རྩ་སློག་དང་། སིམ་འཛུལ་གཏོར་བརླག གཏུམ་སྤྱོད་འཇིགས་སྐུལ་བཅས་ཀྱི་བྱེད་སྒོ་དང་། དེ་བཞིན་མཉམ་སྦྲེལ་དྲ་རྒྱར་བརྟེན་ནས་མགོ་སྐོར་དང་། ངན་སྐུལ། ཟིང་རྙོག་སློང་བ་སོགས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་པའི་བྱེད་སྤྱོད་སྤེལ་བར་དོགས་ཟོན་དང་རྡུང་རྡེག་གཏོང་བ་དང་། ཕྱི་ནང་ངན་འབྲེལ་གྱིས་ཏཱ་ལའི་རུ་ཚོགས་ལ་མ་དངུལ་མཁོ་འདོན་དང་གསང་མྱུལ་ཐོག་ནས་གསང་བ་རྐུ་ཁྱེར་སོགས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་པའི་བྱེད་སྒོ་སྣ་ཚོགས་ལ་དོགས་ཟོན་དང་རྡུང་རྡེག་གཏོང་བ། ཁྲིམས་དང་མི་མཐུན་པའི་རྩ་འཛུགས་དང་། ཆོས་ལུགས་སྤྱད་དེ་ཁྲིམས་དང་མི་མཐུན་པའི་བྱེད་སྒོ་སྣ་ཚོགས་སྤེལ་བར་དོགས་ཟོན་དང་རྡུང་རྡེག་གཏོང་བ་བཅས་བྱེད་དགོས།
དོན་ཚན་སོ་གཅིག་པ། སྤྱི་བདེ་ལས་ཁུངས་ཀྱིས་ངེས་པར་དུ་སྤྱི་ཚོགས་བདེ་འཇགས་ཀྱི་དུས་བབ་ཉེན་ཟོན་སྔོན་བརྡ་གཏོང་ལམ་འཛུགས་པ་དང་ཚགས་ཚུད་དུ་བཏང་སྟེ། དུས་ཐོག་ཏུ་སྤྱི་ཚོགས་ལ་ཉེན་ཟོན་སྔོན་བརྡ་གཏོང་བ་དང་། སྤྱི་དམངས་ལ་བྱེད་ཐབས་ནུས་ལྡན་སྤྱད་དེ་སྔོན་འགོག་དང་ཁ་གཏད་གཅོག་རྒྱུའི་མཛུབ་ཁྲིད་བྱེད་དགོས།
སྤྱི་བདེ་ལས་ཁུངས་ཀྱིས་ངེས་པར་དུ་རིམ་པ་དེ་གའི་དུས་བདེ་འཛུགས་སྐྱོང་སྒྲིག་འཛུགས་མཐུན་སྦྱོར་ཚན་པར་དམིགས་འཛུགས་ས་ཁོངས་དང་དམིགས་བསལ་ལས་རིགས་ཀྱི་གཙོ་ཆེའི་ཉེས་དོན་བདེ་འཇགས་ཐད་ཀྱི་ཉེན་ཟོན་གནས་ཚུལ་དུས་ཐོག་ཏུ་སྙན་སེང་ཞུ་དགོས་པ་དང་། དགོས་ངེས་སྐབས་རིམ་པ་གཅིག་མཚུངས་ཀྱི་དུས་བདེ་འཛུགས་སྐྱོང་སྒྲིག་འཛུགས་མཐུན་སྦྱོར་ཚན་པས་འབྲེལ་ཡོད་སྡེ་ཚན་དང་མཐུན་སྦྱོར་བྱས་ཏེ་མཉམ་འབྲེལ་ཐོག་བཅོས་སྐྱོང་བྱེད་དགོས།
དོན་ཚན་སོ་གཉིས་པ། རྒྱལ་ཁབ་ལས་ཁུངས་དང་། མི་དམངས་ཚོགས་པ། ཁེ་ལས་དང་བྱ་གཞག་ཚན་པ། དེ་བཞིན་སྤྱི་ཚོགས་ཀྱི་རྩ་འཛུགས་གཞན་དག་བཅས་ཀྱིས་ངེས་པར་དུ་ཁྲིམས་ལུགས་ཁྱབ་གདལ་གྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་ཏན་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཁྲིམས་སྐྱོང་འདུ་ཤེས་དང་ཁྲིམས་སྐྱོང་ལྟ་བ་ཟམ་མི་ཆད་པར་ཟབ་ཏུ་གཏོང་བ་དང་། རྒྱལ་ཁབ་ཁྲིམས་བཞིན་སྐྱོང་རྒྱུ་དང་སྤྱོད་བཟང་ལ་བརྟེན་ནས་རྒྱལ་ཁབ་སྐྱོང་རྒྱུ་ཟུང་འབྲེལ་མཐའ་འཁྱོངས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དེ་ཁྲིམས་སྐྱོང་འཛུགས་སྐྱོང་བྱེད་པའི་ནང་མཉམ་འདྲེས་ཐུབ་པ་བྱེད་དགོས།
དོན་ཚན་སོ་གསུམ་པ། ཁྲིམས་འཛིན་སྲིད་འཛིན་ལས་ཁུངས་ཀྱིས་ངེས་པར་དུ་དུས་བདེ་འཛུགས་སྐྱོང་གི་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོར་ལྟ་སྐུལ་མཛུབ་ཁྲིད་དང་མཐུན་སྦྱོར་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། བཅའ་ཁྲིམས་རོགས་སྐྱོར་གྱི་ལས་དོན་ཁྲིམས་ལྟར་ཡག་པོ་བསྒྲུབས་ཏེ། འབྲེལ་ཡོད་ཚན་པས་ཁྲིམས་ཆད་འཁུར་ཡུན་ཐིམ་ནས་གློད་འགྲོལ་བཏང་བའི་མི་སྣ་བཀོད་སྒྲིག་དང་རོགས་རམ་སློབ་གསོ། དེ་བཞིན་སྡེ་ཁུལ་ཡོ་བཅོས་བྱ་ཡུལ་ལ་ལྟ་སྐུལ་དོ་དམ་དང་སློབ་གསོ་རོགས་སྐྱོར་གྱི་ལས་དོན་བཅས་ཡག་པོ་བསྒྲུབ་རྒྱུའི་མཛུབ་ཁྲིད་དང་མཐུན་སྦྱོར་བྱས་ནས་གཞི་རིམ་མི་དམངས་འདུམ་འགྲིག་རྩ་འཛུགས་ཀྱིས་མི་དམངས་འདུམ་འགྲིག་གི་ལས་དོན་སྤེལ་རྒྱུར་མཛུབ་ཁྲིད་བྱེད་དགོས།
དོན་ཚན་སོ་བཞི་པ། རིམ་ཁག་ཡིག་འབུལ་ཞུ་བཅར་དང་འབྲེལ་ཡོད་སྡེ་ཚན་གཞན་དག་གིས་ངེས་པར་དུ་ཁྲིམས་ལྟར་མང་ཚོགས་ཀྱི་ཡིག་འབུལ་ཞུ་བཅར་བདག་སྤྲོད་བྱེད་པ་དང་། འགན་འཁྲིའི་ལམ་ལུགས་འཛུགས་པ་དང་ཚགས་ཚུད་དུ་གཏོང་བ། ཡིག་འབུལ་ཞུ་བཅར་གྱི་གནད་དོན་དུས་ཐོག་ཏུ་ཐག་གཅོད་འོས་འཚམ་བྱེད་པ། སྤྱི་ཚོགས་ཀྱི་འགལ་བ་མཐུན་སྦྱོར་དང་འདུམ་སེལ་བཅས་བྱེད་དགོས། ཞུ་བཅར་དང་འབྲེལ་བའི་མི་དཔུང་ཁྱུ་སྒྲིག་གི་དོན་རྐྱེན་དང་ཐོལ་བྱུང་དོན་རྐྱེན་གྱི་ཉེན་ཁར་ཚོད་སྐོར་དང་སྔོན་དཔག་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་འཕྲལ་རྐྱེན་མྱུར་སེལ་གྱི་ཐག་གཅོད་བྱེད་ལམ་འཛུགས་པ་དང་ཚགས་ཚུད་དུ་གཏོང་དགོས།
ལེའུ་བཞི་པ། སྤྱི་ཚོགས་ཀྱི་མཉམ་སྒྲུབ་བཅོས་སྐྱོང་།
དོན་ཚན་སོ་ལྔ་པ། རིམ་ཁག་མི་དམངས་སྲིད་གཞུང་གིས་ངེས་པར་དུ་དྲ་མིག་ཅན་གྱི་དོ་དམ་བྱེད་པའི་ཕུགས་ཕན་ལམ་སྲོལ་འཛུགས་པ་དང་ཚགས་ཚུད་དུ་བཏང་སྟེ་རྨང་གཞིའི་དྲ་མིག་ཚན་རིག་དང་མཐུན་པའི་སྒོ་ནས་ཞིབ་པར་དབྱེ་བ་དང་། དྲ་མིག་དོ་དམ་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཕྱོགས་བསྡུས་བཅོས་སྐྱོང་དྲ་མིག་ཅན་གྱི་དོ་དམ་ལས་སྟེགས་འཛུགས་པ་བཅས་བྱས་ཏེ་དྲ་མིག་ཅན་གྱི་དོ་དམ་ལ་བརྟེན་ནས་རྨང་གཞིའི་ཆ་འཕྲིན་འཚོལ་བསྡུ་དང་། བདེ་འཇགས་ཉེན་ཟོན། དངོས་ཡོད་མི་འབོར་དང་དམིགས་བསལ་མི་ཚོགས་ལ་ཞབས་ཞུ་དོ་དམ། ཡུལ་བབ་དམངས་འདུན་བསྡུ་རུབ། བདེ་འཇགས་ཀྱི་མངོན་མེད་རྐྱེན་རྩ་ལེབ་བཤེར་དང་བཅོས་སྒྲིག འགལ་བའི་རྩོད་གཞི་ལེབ་བཤེར་དང་འདུམ་སེལ། དེ་བཞིན་བཅའ་ཁྲིམས་ཁྲིམས་སྲོལ་དང་སྲིད་ཇུས་དྲིལ་བསྒྲགས། སྤྱི་པའི་ཞབས་ཞུ་ཚབ་སྒྲུབ་སོགས་བྱེད་པའི་གཞི་རིམ་གྱི་དུས་བདེ་འཛུགས་སྐྱོང་ལས་དོན་ཁྲོད་ཀྱི་རྨང་གཞིའི་རང་བཞིན་གྱི་ནུས་པ་འདོན་སྤེལ་བྱེད་དགོས།
དོན་ཚན་སོ་དྲུག་པ། ཤང་(གྲོང་རྡལ)མི་དམངས་སྲིད་གཞུང་དང་ཁྲོམ་གཞུང་དོན་གཅོད་ཁང་གིས་ངེས་པར་དུ་གཞི་རིམ་བཅོས་སྐྱོང་དང་སྤྱི་པའི་ཞབས་ཞུ་སྒྲུབ་སྟངས་གསར་གཏོད་བྱས་ཏེ་ས་ཁོངས་དེ་གའི་ནང་དུ་མཉམ་འགོག་མཉམ་བཅོས་དང་དུས་བདེའི་གྲོང་ཚོ(སྡེ་ཁུལ)()འཛུགས་གཏོད་སོགས་ཀྱི་བྱེད་སྒོ་སྤེལ་རྒྱུ་སྒྲིག་འཛུགས་ཀྱིས་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་བྱས་ནས་སྡེ་ཁུལ་ཡོ་བཅོས་དང་། བཀོད་སྒྲིག་དང་རོགས་སྐྱོར་སློབ་གསོ། འགལ་བའི་རྩོད་གཞི་འདུམ་སེལ་སོགས་ཐད་ཀྱི་ལས་དོན་ཡག་པོ་བསྒྲུབས་ནས་སྟོབས་ཤུགས་གཞི་རིམ་དུ་གཅིག་སྒྲིལ་དང་གནད་དོན་གཞི་རིམ་དུ་ཐག་གཅོད་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས།
དོན་ཚན་སོ་བདུན་པ། གྲོང་ཚོ(གྲོང་མི)ཨུ་ཡོན་ལྷན་ཁང་གིས་ངེས་པར་དུ་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་བསྒྲགས་དང་བདེ་འཇགས་ཀྱི་ཤེས་བྱའི་སློབ་གསོའི་བྱེད་སྒོ་ཧུར་ཐག་སྤེལ་བ་དང་། འབྲེལ་ཡོད་སྡེ་ཚན་ལ་གཞོགས་འདེགས་ཀྱིས་བདེ་འཇགས་མཉམ་འགོག་དང་། གྱོད་གཞི་ཞིབ་གཅོད། དངོས་ཡོད་མི་འབོར་ལ་དོ་དམ་བཅས་བྱས་ནས་སྡེ་ཁུལ་གྱི་ཡོ་བཅོས་བྱ་ཡུལ་དང་ཁྲིམས་ཆད་འཁུར་ཡུན་ཐིམ་ནས་གློད་འགྲོལ་བཏང་བའི་མི་སྣར་དོ་དམ་དང་རོགས་རམ་བྱས་ཏེ་དམངས་དོན་རྩོད་གཞི་ལེབ་བཤེར་དང་འདུམ་འགྲིག་བྱེད་པ་དང་། གྲོང་སྲོལ་དམངས་ཆིངས་དང་གྲོང་མིའི་སྤྱི་ཆིངས་ལག་བསྟར་བྱ་རྒྱུར་ལྟ་སྐུལ་བྱེད་དགོས།
དོན་ཚན་སོ་བརྒྱད་པ། སློབ་གྲྭ་དང་། སྨན་ཁང་། དེ་བཞིན་སྤྱི་གླིང་དང་། ཚོང་ཁང་། གནམ་ཐང་། རླངས་འཁོར་འབབ་ཚུགས་སོགས་ཀྱི་ས་ཁོངས་དོ་དམ་ཚན་པས་ངེས་པར་དུ་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་བདེ་སྲུང་མི་སྣ་དང་དེ་བཞིན་དངོས་པོ་དང་ལག་རྩལ་འགོག་ཟོན་གྱི་སྒྲིག་བཀོད་སྒྲིག་ཆས་བགོ་སྒྲིག་དང་། ཐོལ་བྱུང་དོན་རྐྱེན་གྱི་འཕྲལ་སྡོམ་སྔོན་ཇུས་བཟོ་སྒྲིག དུས་བཀག་ཐོག་ནང་སྦྱོང་སྒྲིག་འཛུགས། དངོས་ཡོད་ཀྱི་འགོག་ཟོན་བྱེད་ནུས་ཆེར་གཏོང་བཅས་བྱེད་དགོས།
སྤྱི་བདེ་ལས་ཁུངས་ཀྱིས་འབྲེལ་ཡོད་ཚན་པ་ནས་གཙོ་གནད་འགོག་ཟོན་གྱི་ལས་དོན་སྤེལ་རྒྱུར་མཛུབ་ཁྲིད་བྱེད་འགན་འཁུར་ཏེ་ལྟ་སྐུལ་ཞིབ་བཤེར་བྱེད་དགོས་ཤིང་། བདེ་འཇགས་ཀྱི་ཉམས་ཞན་ལྷུ་ཚིགས་དང་མངོན་ཆེའི་གནད་དོན་ལ་བཅོས་སྒྲིག་གི་བསམ་འཆར་བཏོན་པར་འབྲེལ་ཡོད་ཚན་པས་ངེས་པར་དུ་དུས་བཀག་ལྟར་བཅོས་སྒྲིག་བྱེད་དགོས།
དོན་ཚན་སོ་དགུ་པ། མང་ཚོགས་རང་བཞིན་གྱི་བྱེད་སྒོ་ཆེ་གྲས་གཉེར་མཁན་དང་། བྱེད་སྒོ་སྤེལ་ཡུལ་གྱི་དོ་དམ་བྱེད་མཁན། ཐེ་ཞུགས་བྱེད་མཁན། སྤྱི་བདེ་ལས་ཁུངས་བཅས་ཀྱིས་ངེས་པར་དུ《མང་ཚོགས་རང་བཞིན་གྱི་བྱེད་སྒོ་ཆེ་གྲས་སྤེལ་བའི་བདེ་འཇགས་དོ་དམ་སྲོལ་ཡིག》ལ་བརྩི་སྲུང་ཞུས་ནས་མི་དཔུང་ཁྱུ་སྒྲིག་རང་བཞིན་གྱི་དོན་རྐྱེན་དང་བདེ་འཇགས་ཀྱི་བྱུར་རྐྱེན་མི་ཐོན་པ་བྱས་ཏེ་བྱེད་སྒོ་ཆེ་གྲས་བདེ་འཇགས་དང་གོ་རིམ་ལྡན་པའི་ངང་གཉེར་ཐུབ་པའི་འགན་ལེན་བྱེད་དགོས།
དོན་ཚན་བཞི་བཅུ་པ། གལ་ཆེའི་དུས་ཚིགས་དང་གཙོ་ཆེའི་དུས་སྟོན་བྱེད་སྒོའི་རིང་། ས་གནས(གྲོང་ཁྱེར)སྲིད་ཧྲུའུ(མི་དམངས་སྲིད་གཞུང་)དང་རྫོང་(ཆུད)མི་དམངས་སྲིད་གཞུང་གིས་ངེས་པར་དུ་སྐོར་གཡེང་འགོག་སྲུང་དང་། གཙོ་གནད་དང་འགག་གནད་ཆེ་སའི་བདེ་འཇགས་སྲུང་སྐྱོང་བྱ་རྒྱུ་སྒྲིག་འཛུགས་བྱས་ཏེ། རྒྱ་ལམ་འགྲིམ་འགྲུལ་དང་། བཟའ་བཅའ་སྨན་རིགས་སོགས་ལ་བདེ་འཇགས་ཐད་ཀྱི་མངོན་མེད་རྐྱེན་ངན་ལེབ་བཤེར་བྱེད་དགོས།
དོན་ཚན་ཞེ་གཅིག་པ། རྫོང་རིམ་མི་དམངས་སྲིད་གཞུང་གིས་ངེས་པར་དུ་རྫོང་(ཆུད)དང་། ཤང་(གྲོང་རྡལ) གྲོང་ཚོ(སྡེ་ཁུལ)བཅས་ཀྱི་ཆོས་ལུགས་ལས་དོན་གྱི་ལམ་སྲོལ་འཛུགས་པ་དང་ཚགས་ཚུད་དུ་བཏང་སྟེ་ཤང་(གྲོང་རྡལ)དང་གྲོང་ཚོའི(སྡེ་ཁུལ)ཆོས་ལུགས་ལས་དོན་གྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱེད་དགོས།
ཤང་(གྲོང་རྡལ)མི་དམངས་སྲིད་གཞུང་དང་ཁྲོམ་གཞུང་དོན་གཅོད་ཁང་གིས་ངེས་པར་དུ་རྫོང་རིམ་མི་དམངས་སྲིད་གཞུང་ཆོས་ལུགས་ལས་དོན་སྡེ་ཚན་གྱི་མཛུབ་ཁྲིད་འོག ཆོས་ལུགས་ལས་དོན་དོ་དམ་གྱི་ལམ་ལུགས་དོན་འཁྱོལ་བྱས་ཏེ་འབྲེལ་ཡོད་སྡེ་ཚན་ལ་གཞོགས་འདེགས་ཀྱིས་དམངས་སྲོལ་ཆོས་ལུགས་ཀྱི་ཞབས་ཞུ་སྒྲུབ་མཁན་ཕྱོགས་མི་རྣམས་སྤྱི་ཚོགས་ཀྱི་དོ་དམ་བྱེད་ཁོངས་སུ་འཇུག་དགོས།
གྲོང་ཚོ(གྲོང་མི)ཨུ་ཡོན་ལྷན་ཁང་གིས་ངེས་པར་དུ་ཆོས་ལུགས་བྱེད་སྒོའི་ཁྲོད་ཆོས་དད་སྤྱི་དམངས་ནས་སྤྱི་པའི་བདེ་འཇགས་དང་། མེ་ཟོན་བདེ་འཇགས། ཁོར་ཡུག་སྲུང་སྐྱོབ། རིག་དངོས་སྲུང་སྐྱོབ། འཕྲོད་བསྟེན་རིམས་འགོག་སོགས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་ལ་བརྩི་སྲུང་ཞུ་རྒྱུར་སློབ་གསོ་རྒྱག་དགོས།
དོན་ཚན་ཞེ་གཉིས་པ། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྱི་དོ་དམ་རྩ་འཛུགས་ཀྱིས་ངེས་པར་དུ་ཆོས་ལུགས་ལས་དོན་དོ་དམ་གྱི་བཅའ་ཁྲིམས་ཁྲིམས་སྲོལ་དང་སྲིད་ཇུས་དྲིལ་བསྒྲགས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས“རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས”བཅས་ཀྱི་སློབ་གསོ་དང་“ཚད་གཞི་བཞི་བརྩི་སྲུང་ལག་བསྟར་གྱིས་སྔོན་ཐོན་གྲྭ་བཙུན་བརྩོན་ལེན་བྱེད་པའི”སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་དགོས་པ་དང་། དེ་བཞིན་ཆོས་ལུགས་ལས་རིགས་མི་སྣར་རྒྱལ་གཅེས་རིང་ལུགས་དང་། མཉམ་སྡེབ་རིང་ལུགས། སྤྱི་ཚོགས་རིང་ལུགས། མི་རིགས་མཐུན་སྒྲིལ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་བཅས་ཀྱི་དྲིལ་བསྒྲགས་སློབ་གསོ་སྤེལ་དགོས་པ། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་དུ་ཐོལ་བྱུང་དོན་རྐྱེན་མི་ཐོན་པ་དང་ཐག་གཅོད་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པ། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་དང་ཆོས་ལུགས་ལས་རིགས་མི་སྣས་གཞི་རྩའི་སྤྱི་པའི་ཞབས་ཞུ་བསྒྲུབ་རྒྱུ་མཐུན་སྦྱོར་ངང་དོན་འཁྱོལ་བྱས་ནས་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་དང་ཆོས་ལུགས་ལས་རིགས་མི་སྣའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་དགོས།
དོན་ཚན་ཞེ་གསུམ་པ། ཆོས་ལུགས་ལས་དོན་སྡེ་ཚན་གྱིས་ངེས་པར་དུ་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་དང་ཆོས་ལུགས་ལས་རིགས་མི་སྣར་ཁྲིམས་སྐྱོང་དྲིལ་བསྒྲགས་ཀྱི་སློབ་གསོ་རྒྱག་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཆོས་ལུགས་ལས་རིགས་མི་སྣའི་ཁྲིམས་སྐྱོང་འདུ་ཤེས་ཟབ་ཏུ་འགྲོ་བ་དང་། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་རིམ་པ་དབྱེ་བ་དང་གཏོགས་ཁོངས་ཅན་གྱི་དོ་དམ་བྱེད་པའི་རྩ་དོན་དོན་འཁྱོལ་མཛུབ་ཁྲིད་བྱ་རྒྱུར་སྐུལ་འདེད་གཏོང་བ། བོད་བརྒྱུད་ནང་བསྟན་སོགས་ཀྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱེད་དགོས།
དོན་ཚན་ཞེ་བཞི་པ། མི་རིགས་ལས་དོན་སྡེ་ཚན་གྱིས་ངེས་པར་དུ་ཁྲིམས་བཞིན་མི་རིགས་ལས་དོན་ལ་དོ་དམ་བྱེད་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་ལས་དོན་ལ་ཤུགས་སྣོན་རྒྱག་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་དཔེ་སྟོན་དྲིལ་བསྒྲགས་ཤུགས་ཆེ་བྱེད་པ། དེ་བཞིན་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཡོང་རྒྱུར་སྐུལ་འདེད་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་བཅས་བྱེད་དགོས།
དོན་ཚན་ཞེ་ལྔ་པ། དྲ་འཕྲིན་སྡེ་ཚན་གྱིས་དྲ་རྒྱའི་བདེ་འཇགས་ལས་དོན་དང་འབྲེལ་ཡོད་ལྟ་སྐུལ་དོ་དམ་ལས་དོན་ལ་གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་བྱེད་འགན་འཁུར་བ་དང་། དྲ་རྒྱའི་འཕྲིན་གཏོང་ཡོ་བྱད་སྤྱད་དེ་རྒྱལ་ཁབ་ཀྱི་སྲིད་དབང་རྩ་སློག་གཏོང་བ་དང་རྒྱལ་ཁབ་ཀྱི་གོང་བུ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་བ་སོགས་ཀྱི་བྱེད་སྒོ་སྤེལ་བར་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ཁྲིམས་ལྟར་རྡུང་རྡེག་བཏང་ནས་བརྟན་ལྷིང་དང་མཐའ་མཚམས་དང་འབྲེལ་བ་ཡོད་པའི་དྲ་ཐོག་གི་ཐོལ་བྱུང་གླེང་ཕྱོགས་ཀྱི་དོན་རྐྱེན་ཆེ་རིགས་ཐག་གཅོད་ཡག་པོ་བྱེད་དགོས།
དོན་ཚན་ཞེ་དྲུག་པ། མཉམ་སྦྲེལ་དྲ་རྒྱ་དང་འཕྲིན་གཏོང་ཁེ་ལས་ཀྱིས་བཅའ་ཁྲིམས་ཁྲིམས་སྲོལ་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་བདེ་འཇགས་དོ་དམ་གྱི་ལག་རྩལ་བྱ་ཐབས་དོན་འཁྱོལ་བྱས་ཏེ་ཁྲིམས་འགལ་གྱི་ཆ་འཕྲིན་འགྲེམས་བསྒྲགས་དང་། འཚོལ་བཤེར། བརྒྱུད་སྤེལ་བཅས་བྱེད་ལམ་མེད་པ་བཟོས་ནས་མཉམ་སྦྲེལ་དྲ་རྒྱ་དང་གློག་འཕྲིན་སྤྱོད་དུད་མཁན་གྱིས་ཆ་འཕྲིན་རྫུན་མ་དང་གནོད་ལྡན་འགྲེམས་བསྒྲགས་བརྒྱུད་སྤེལ་བྱེད་རིགས་བཀག་འགོག་བྱེད་དགོས།
འཕྲིན་གཏོང་དོ་དམ་སྡེ་ཚན་དང་སྤྱི་བདེ་ལས་ཁུངས་ཀྱིས་ངེས་པར་དུ་མཉམ་སྦྲེལ་དྲ་རྒྱའི་ཐོག་གི་འཚུབ་ལྟས་ཆེ་བའི་གནས་ཚུལ་ལ་གཙོ་གནད་དུ་ལྟ་ཞིབ་ཚོད་འཛིན་བྱེད་དགོས་ཤིང་། བདེ་འཇགས་ཀྱི་ཉེན་ཁ་ཆེན་པོ་ཡོད་པ་ཤེས་ཚེ་ངེས་པར་དུ་ཉེན་ཁའི་དྲན་སྐུལ་གཏོང་དགོས་པ་དང་། མཉམ་སྦྲེལ་དྲ་རྒྱ་དང་འཕྲིན་གཏོང་ཁེ་ལས་ཀྱིས་མཉམ་སྦྲེལ་དྲ་རྒྱ་དང་འཕྲིན་གཏོང་གི་ཁྲིམས་འགལ་ཉེས་གསོག་དཔང་རྟགས་འདོན་རྒྱུའི་ལས་དོན་ལ་མཛུབ་ཁྲིད་བྱས་ནས་ཁྲིམས་འགལ་ཉེས་གསོག་གི་དོགས་གཞི་ཡོད་ཚེ་ངེས་པར་དུ་འབྲེལ་ཡོད་ཁེ་ལས་ལ་འཕྲལ་མར་བཀག་འགོག་བྱ་ཐབས་སྤྱོད་རྒྱུའི་བླང་བྱ་འདོན་དགོས།
དོན་ཚན་ཞེ་བདུན་པ། དངུལ་རྩའི་ཚན་པ་དང་། མཉམ་སྦྲེལ་དྲ་རྒྱ། འཕྲིན་གཏོང་ཁེ་ལས་བཅས་ཀྱིས་ངེས་པར་དུ་དངུལ་རྩ་དང་གློག་འཕྲིན་དྲ་རྒྱར་བརྟེན་ནས་མགོ་སྐོར་གཡོ་ལེན་བྱེད་རིགས་ལ་ཉེན་ཟོན་གྱི་དྲིལ་བསྒྲགས་སློབ་གསོ་སྤེལ་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་། སྤྱི་བདེ་ལས་ཁུངས་ལ་གཞོགས་འདེགས་ཧུར་ཐག་བྱས་ཏེ་འབྲེལ་ཡོད་ཁྲིམས་འགལ་ཉེས་གསོག་གི་བྱེད་སྤྱོད་ལ་རྡུང་རྡེག་གཏོང་དགོས་པ་དང་། ཁྲིམས་འགལ་ཉེས་གསོག་གི་དོགས་ཡོད་བྱེད་སྤྱོད་དམ་ཡང་ན་འཚུབ་ལྟས་ཆེ་བའི་གནས་ཚུལ་ཤེས་རྟོགས་བྱུང་ཚེ་ངེས་པར་དུ་སྤྱོད་དུད་ལ་འཕྲལ་མར་དྲན་སྐུལ་གཏོང་དགོས་པ་མ་ཟད་སྤྱི་བདེ་ལས་ཁུངས་ལ་སྙན་སེང་ཞུ་དགོས།
དོན་ཚན་ཞེ་བརྒྱད་པ། སྦྲག་སྲིད་དང་མྱུར་སྐྱེལ་ཁེ་ལས་ཀྱིས་རྒྱལ་ཁབ་ཀྱི་གཏན་འབེབས་གཞིར་བཟུང་སྦྲག་སྐུར་བྱེད་མཁན་གྱི་མིང་བབ་ལ་ཞིབ་བསྡུར་དང་། དངོས་པོར་ལྟ་དཔྱད། བདེ་འཇགས་ཞིབ་བཤེར་བཅས་ཡོངས་སུ་ཁྱབ་པའི་བྱ་ཐབས་སྤྱོད་དགོས། སྦྲག་སྲིད་དོ་དམ་སྡེ་ཚན་གྱིས་ངེས་པར་དུ་སྦྲག་སྲིད་དང་མྱུར་སྐྱེལ་ཁེ་ལས་ནས་སྦྲག་སྐུར་བྱེད་མཁན་གྱི་མིང་བབ་ལ་ཞིབ་བསྡུར་དང་། དངོས་པོར་ལྟ་དཔྱད། བདེ་འཇགས་ཞིབ་བཤེར་བཅས་ཀྱི་ལས་དོན་དོན་འཁྱོལ་བྱས་ཚུལ་ལ་ལྟ་སྐུལ་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས།
སྦྲག་སྲིད་དང་མྱུར་སྐྱེལ་ཁེ་ལས་ཀྱིས་དངོས་པོ་སྐུར་ལེན་བྱེད་སྐབས་ངེས་པར་དུ་སྦྲག་སྐུར་བྱེད་མཁན་ནམ་ཡང་ན་དེའི་མངགས་བཅོལ་བྱེད་མིའི་རུས་མིང་ལ་ཞིབ་དཔྱད་བྱེད་དགོས་པ་ དང་། སྦྲག་སྐུར་མ་བྱས་གོང་དངོས་པོར་ལྟ་དཔྱད་བྱེད་དགོས་པ་མ་ཟད་སྐུར་སྐྱེལ་མ་བྱས་གོང་བདེ་འཇགས་ཀྱི་ཞིབ་བཤེར་བྱེད་དགོས། སྦྲག་སྐུར་བྱེད་མཁན་ནམ་ཡང་ན་དེའི་མངགས་བཅོལ་བྱེད་མིས་ལྟ་དཔྱད་དམ་ཡང་ན་བདེ་འཇགས་ཀྱི་ཞིབ་བཤེར་དང་ལེན་མ་བྱས་ཚེ། སྦྲག་སྲིད་དང་མྱུར་སྐྱེལ་ཁེ་ལས་ཀྱིས་སྐུར་ལེན་བྱེད་མི་ཆོག
སྦྲག་སྲིད་དང་མྱུར་སྐྱེལ་ཁེ་ལས་ཀྱིས་ཁྲིམས་བཞིན་དངོས་པོ་སྐུར་སྐྱེལ་རྩིས་སྤྲོད་བྱེད་པའི་བདེ་འཇགས་ཞིབ་བཤེར་གྱི་ལས་རིམ་ཧྲིལ་པོར་བརྙན་ཕབ་བྱེད་དགོས་པ་མ་ཟད། འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ཉར་ཚགས་བྱེད་དགོས།
དོན་ཚན་ཞེ་དགུ་པ། སྤྱི་བདེ་ལས་ཁུངས་དང་། ཤང་(གྲོང་རྡལ)མི་དམངས་སྲིད་གཞུང་། ཁྲོམ་གཞུང་དོན་གཅོད་ཁང་བཅས་ཀྱིས་ངེས་པར་དུ་བོགས་གཏོང་ཁང་པའི་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ་བོགས་གཏོང་ཁང་པའི་མི་འབོར་གྱི་ཆ་འཕྲིན་དང་ཁང་པའི་ཆ་འཕྲིན་ཞིབ་བསྡུར་བྱས་ནས་བོགས་གཏོང་ཁང་པའི་བདེ་འཇགས་ཐད་ཀྱི་མངོན་མེད་རྐྱེན་རྩ་ལེབ་བཤེར་བྱེད་དགོས།
བོགས་མར་གཏོང་མཁན་གྱིས་ངེས་པར་དུ་ཁྲིམས་ལྟར་བོགས་གཏོང་ཁང་པའི་ཆ་འཕྲིན་སྙན་འབུལ་ཞུས་ནས་བོགས་གཏོང་ཁང་པའི་སྒྲིག་བཀོད་ཀྱི་བདེ་འཇགས་འགན་སྲུང་བྱས་ཏེ་བོགས་མ་ལེན་མཁན་ལ་དུས་ཐོག་ཏུ་བདེ་འཇགས་ཐད་ཀྱི་མངོན་མེད་རྐྱེན་རྩ་སེལ་བའམ་ཡང་ན་སེལ་རྒྱུར་སྐུལ་འདེད་གཏོང་དགོས།
བོགས་མར་ལེན་མཁན་གྱིས་བོགས་གཏོང་ཁང་པ་བེད་སྤྱད་དེ་ཁྲིམས་འགལ་ཉེས་གསོག་གི་བྱེད་སྤྱོད་སྤེལ་མི་ཆོག བོགས་མར་གཏོང་མཁན་གྱིས་ཁྲིམས་འགལ་ཉེས་གསོག་གི་དོགས་གཞི་ཡོད་པ་ཤེས་རྟོགས་བྱུང་ཚེ། ངེས་པར་དུ་འཕྲལ་མར་སྤྱི་བདེ་ལས་ཁུངས་སམ་ཡང་ན་འབྲེལ་ཡོད་སྡེ་ཚན་ལ་སྙན་སེང་ཞུ་དགོས།
དོན་ཚན་ལྔ་བཅུ་པ། ཡུལ་སྐོར་གོང་འཕེལ་སྡེ་ཚན་གྱིས་ངེས་པར་དུ་ཡུལ་སྐོར་གྱི་སྒྲིག་བཀོད་དང་། ཡུལ་སྐོར་བྱ་ཡུལ། ཡུལ་སྐོར་ལས་གཉེར་མི་སྣ་བཅས་ལ་དོ་དམ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ཡུལ་སྐོར་ལས་རིགས་ནས་སྤྱི་པའི་བདེ་འཇགས་ལ་གནོད་འཚེ་བཟོ་བ་དང་བདེ་འཇགས་ཀྱི་སྒྲིག་ལམ་ལ་གཏོར་བཤིག་གཏོང་བ་སོགས་ཀྱི་ཁྲིམས་འགལ་ཉེས་གསོག་གི་བྱེད་སྤྱོད་རྩད་ཞིབ་ཐག་གཅོད་བྱེད་དགོས་པ་དང་། ཡུལ་སྐོར་ཐད་ཀྱི་ཞུ་སྦྱོར་བདག་སྤྲོད་ལམ་སྲོལ་འཛུགས་པ་དང་ཚགས་ཚུད་དུ་གཏོང་དགོས།
དོན་ཚན་ང་གཅིག་པ། དམངས་སྲིད་སྡེ་ཚན་གྱིས་ངེས་པར་དུ་གཞི་རིམ་སྲིད་དབང་དང་མང་ཚོགས་རང་བཞིན་གྱི་རང་སྐྱོང་རྩ་འཛུགས་འཛུགས་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་། སྡེ་ཁུལ་འཛུགས་སྐྱོང་ལས་དོན་ལ་སྐུལ་ཁྲིད་དང་མཛུབ་ཁྲིད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་དུས་བདེ་འཛུགས་སྐྱོང་བྱ་རྒྱུ་དེ་སྡེ་ཁུལ་འཛུགས་སྐྱོང་གི་ནང་དོན་ཁོངས་སུ་འཇུག་དགོས་པ། དེ་བཞིན་སྲིད་འཛིན་ས་ཁོངས་དབྱེ་མཚམས་ཀྱི་རྩོད་གཞི་འདུམ་འགྲིག་ཐག་གཅོད་དང་། སྤྲང་འཁྱམས་དང་ལོ་ན་མ་སོན་པའི་མིར་སྲུང་སྐྱོབ་རོགས་སྐྱོབ་བྱེད་པའི་ལས་དོན་ཡག་པོ་སྒྲུབ་དགོས།
དོན་ཚན་ང་གཉིས་པ། འགྲིམ་འགྲུལ་སྐྱེལ་འདྲེན་དང་། ལྕགས་ལམ། དམངས་སྤྱོད་མཁའ་འགྲུལ་སོགས་སྡེ་ཚན་གྱིས་ངེས་པར་དུ་སྤྱི་པའི་འགྲིམ་འགྲུལ་བྱ་ཡུལ་དང་སྐྱེལ་འདྲེན་བྱེད་པའི་ལམ་བར་གྱི་བདེ་འཇགས་སྒྲིག་ལམ་སྲུང་སྐྱོང་བྱས་ནས་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་བྱུར་རྐྱེན་སྔོན་འགོག་དང་ཉུང་དུ་གཏོང་དགོས་པ་དང་། འཕྲོག་བཅོམ་དང་། བཙན་འཕྲོག རྐུ་ཁྱེར། ཁ་བསླུས་རྒྱག་པ་སོགས་ཀྱི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ལ་ཉེན་ཟོན་བྱེད་དགོས་པ། འབྲེལ་ཡོད་སྡེ་ཚན་ལ་གཞོགས་འདེགས་ཧུར་ཐག་བྱས་ནས་འཇིགས་གཏུམ་གྱི་དོན་རྐྱེན་རིགས་མི་ཐོན་པ་བྱེད་དགོས།
ལྕགས་ལམ་གྱི་ལམ་སྐྱོང་མཉམ་འགོག་ཚན་པས་ངེས་པར་དུ་ལྕགས་ལམ་གྱི་ལམ་སྐྱོང་མཉམ་འགོག་ལས་དོན་སྒྲིག་འཛུགས་ལག་བསྟར་དང་ལྟ་སྐུལ་མཛུབ་ཁྲིད་བྱས་ཏེ་ལྕགས་ལམ་ལམ་རྒྱུད་ཀྱི་བདེ་འཇགས་བཅོས་སྒྲིག་བྱེད་པ་དང་། ལྕགས་ལམ་གྱི་ལམ་སྐྱོང་མཉམ་འགོག་གི་ཆེད་བསྐོས་དཔུང་ཁག་ལ་དོ་དམ་བྱས་ནས་ལྕགས་ལམ་གྱི་བདེ་འཇགས་ལ་གནོད་པའི་བྱེད་སྤྱོད་རིགས་འགོག་ཟོན་དང་བཀག་འགོག་བྱེད་དགོས།
དོན་ཚན་ང་གསུམ་པ། འཕྲལ་རྐྱེན་མྱུར་སེལ་དོ་དམ་སྡེ་ཚན་གྱིས་བདེ་འཇགས་ཐོན་སྐྱེད་དོ་དམ་ལས་ཀར་མཛུབ་ཁྲིད་དང་། མཐུན་སྦྱོར། ལྟ་སྐུལ་བཅས་བྱེད་པ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་ཞིབ་བཤེར་དང་། དེ་བཞིན་ཆེད་དོན་ལྟ་སྐུལ་ཞིབ་བཤེར་དང་ཆེད་དོན་བཅོས་སྒྲིག་སོགས་ཀྱི་ལས་དོན་སྒྲིག་འཛུགས་དང་མཐུན་སྦྱོར་བྱེད་པ། བདེ་འཇགས་ཐོན་སྐྱེད་ལ་སྐོར་ཞིབ་དང་དཔྱད་ཞིབ་བྱ་རྒྱུ་སྒྲིག་འཛུགས་བྱེད་པ། ཐོན་སྐྱེད་བདེ་འཇགས་ཀྱི་བྱུར་རྐྱེན་ལ་བརྟག་དཔྱད་དང་ཐག་གཅོད་བྱེད་པའི་ལས་དོན་ཁྲིམས་ལྟར་སྒྲུབ་འགན་འཁུར་བ། བྱུར་རྐྱེན་ཞིབ་བཤེར་ཐག་གཅོད་དང་འགན་འཁྲི་བདའ་འདེད་དོན་འཁྱོལ་བྱས་ཚུལ་ལ་ལྟ་སྐུལ་བྱེད་པ། བདེ་འཇགས་ཐོན་སྐྱེད་ལ་ལྟ་སྐུལ་དོ་དམ་བྱ་རྒྱུར་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་དམིགས་བསལ་དང་ཚབས་ཆེའི་རིགས་ཀྱི་ཐོན་སྐྱེད་བདེ་འཇགས་ཀྱི་བྱུར་རྐྱེན་མི་ཐོན་པ་བྱེད་དགོས།
ལས་རིགས་ཁག་གི་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་ཁེ་ལས་ནས་བདེ་འཇགས་ཐོན་སྐྱེད་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་ནན་པོ་ཞུ་བར་ལྟ་སྐུལ་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཐོན་སྐྱེད་བདེ་འཇགས་ཀྱི་བྱུར་རྐྱེན་ཐོན་རིགས་སྔོན་འགོག་དང་ཉུང་དུ་འགྲོ་བ་བྱེད་དགོས།
དོན་ཚན་ང་བཞི་པ། མེ་ཟོན་རོགས་སྐྱོབ་ཚན་པས་ངེས་པར་དུ་རྒྱལ་ཁབ་ལས་ཁུངས་དང་། མི་དམངས་ཚོགས་པ། ཁེ་ལས་དང་བྱ་གཞག་ཚན་པ། དེ་བཞིན་སྤྱི་ཚོགས་རྩ་འཛུགས་གཞན་དག་བཅས་ནས་མེ་ཟོན་བདེ་འཇགས་ཀྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱས་ཚུལ་ལ་ཞིབ་བཤེར་དང་སྐུལ་འདེད་གཏོང་དགོས་པ་དང་། མེ་སྐྱོན་གྱི་མངོན་མེད་རྐྱེན་རྩ་ལེབ་བཤེར་བྱ་རྒྱུ་སྒྲིག་འཛུགས་བྱེད་དགོས།
དོན་ཚན་ང་ལྔ་པ། ཁྲོམ་ར་ལྟ་སྡོམ་དང་། འཕྲོད་བསྟེན་བདེ་ཐང་། དཔལ་འབྱོར་ཆ་འཕྲིན་ཅན། ཚོང་དོན། འགྲིམ་འགྲུལ་སྐྱེལ་འདྲེན་སོགས་སྡེ་ཚན་གྱིས་ཁྲིམས་ལྟར་ཐོན་རྫས་ཐོན་སྐྱེད་དང་འགྲོ་རྒྱུག་ཁྱབ་ཁོངས་སུ་ཆེད་དམིགས་བཅོས་སྒྲིག་བྱས་ཏེ། སྨན་བཅོས་ཀྱི་རྩོད་གཞི་འདུམ་འགྲིག་ཐག་གཅོད་ཡག་པོ་བྱེད་པ་དང་། ཁྲིམས་དང་མི་མཐུན་པའི་སྨན་བཅོས་བྱེད་རིགས་ཁྲིམས་བཞིན་མེད་པ་བཟོ་བ། དུག་སྦྲིད་སྨན་རྫས་དང་། འཕྲོ་འགྱེད་ཡོང་ཁོངས། རྫུན་ལྷད་ཞན་གསུམ་གྱི་སྨན་རྫས། དེ་བཞིན་སྨན་བཅོས་འཕྲོད་བསྟེན་ཡོ་བྱད་བཅས་ལ་ལྟ་སྐུལ་དོ་དམ་བྱ་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་མི་དམངས་མང་ཚོགས་ཀྱི་ལུས་ཁམས་བདེ་ཐང་དང་། ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་ཁྲིམས་དང་མི་མཐུན་པའི་ཐོན་སྐྱེད་གཉེར་སྐྱོང་བྱེད་སྒོར་རྡུང་རྡེག་ནན་པོ་གཏོང་དགོས།
ཁྲོམ་ར་ལྟ་སྡོམ་དང་ཁྲལ་དོན་སོགས་སྡེ་ཚན་གྱིས་ངེས་པར་དུ་ཁྲོམ་རའི་བྱེད་པོར་ཞབས་ཞུ་དང་ལྟ་སྐུལ་དོ་དམ་བྱེད་པའི་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ། དཔལ་འབྱོར་བྱེད་སྒོའི་ཁྲོད་ཀྱི་ཁྲིམས་འགལ་བྱེད་སྤྱོད་ལ་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱས་ནས་རྒྱུན་གཏན་གྱི་ཁྲོམ་རའི་སྒྲིག་ལམ་སྲུང་སྐྱོང་བྱེད་དགོས།
དོན་ཚན་ང་དྲུག་པ། གོང་འཕེལ་བསྒྱུར་བཅོས་དང་། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན། འགྲིམ་འགྲུལ་སྐྱེལ་འདྲེན། ཆུ་བེད་སོགས་སྡེ་ཚན་གྱིས་ངེས་པར་དུ་ལས་གྲྭའི་འཛུགས་སྐྲུན་རྣམ་གྲངས་ལ་ལྟ་སྐུལ་དོ་དམ་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། ཨར་པོའི་ཁེ་ལས་ཀྱིས་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། ལས་གྲྭའི་ཨར་ལས་མཁན་ལ་དོ་དམ་བྱ་རྒྱུར་ཤུགས་སྣོན་རྒྱག་པ། མངོན་མེད་རྐྱེན་རྩ་ལེབ་བཤེར་དང་བཅོས་སྒྲིག་གི་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱེད་དགོས།
དོན་ཚན་ང་བདུན་པ། སློབ་གསོའི་སྡེ་ཚན་གྱིས་ངེས་པར་དུ་སློབ་གྲྭའི་སྤྱོད་ཚུལ་དང་སྒྲིག་ཁྲིམས། དེ་བཞིན་དགེ་རྒན་གྱི་ཀུན་སྤྱོད་དང་སྤྱོད་ཚུལ་བཅས་འཛུགས་སྐྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། དགེ་སློབ་ཚང་མར་སྒྲིག་བཀུར་ཁྲིམས་སྲུང་གི་སློབ་གསོ་རྒྱག་པ་དང་། སློབ་མའི་བྱེད་སྒོ་སྤེལ་གནས་འཛུགས་སྐྱོང་དང་དོ་དམ་བྱེད་པའི་ལས་ཀར་ཤུགས་སྣོན་རྒྱག་པ་དང་སློབ་མའི་སློབ་ཕྱིའི་བྱེད་སྒོ་སྒྲིག་འཛུགས་དང་མཛུབ་ཁྲིད་བྱེད་པ། འགན་བབས་སློབ་གསོའི་དུས་མཚམས་ཀྱི་སློབ་མ་སློབ་གྲྭར་འགྲོ་མཚམས་ཆད་པ་དང་སློབ་ཤོར་གྱི་གནས་ཚུལ་ཐོན་རིགས་ཚོད་འཛིན་ནན་པོ་བྱེད་པ། སློབ་མའི་ཁྲིམས་འགལ་ཉེས་གསོག་སྔོན་འགོག་དང་ཐོན་ཉུང་དུ་གཏོང་བ། བརྙས་བཅོས་ཀྱི་བྱེད་སྤྱོད་ལ་ཉེན་ཟོན་བྱེད་པ། སློབ་གྲྭའི་ནང་གི་གཏུམ་སྤྱོད་བྱེད་རིགས་བཀག་འགོག་བཅས་བྱེད་དགོས། འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་སློབ་གྲྭ་དང་དེའི་མཐའ་འཁོར་ས་ཁུལ་གྱི་བདེ་འཇགས་སྲུང་སྐྱོང་བྱེད་དགོས།
སློབ་གསོའི་སྡེ་ཚན་དང་དེ་བཞིན་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་ཆེད་དམིགས་སློབ་གྲྭ་བསྐྲུན་རྒྱུ་དང་ཆེད་དམིགས་སློབ་གསོ་སྤེལ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། ཚུལ་མིན་གྱི་སྤྱོད་པ་ལྡན་པའི་གཞོན་ནུ་ལོ་ཆུང་དང་ནར་མ་སོན་པའི་མིའི་སྡེ་ཁུལ་ཡོ་བཅོས་བྱ་ཡུལ་གྱི་སློབ་གསོ་ཡོ་བཅོས་དང་ཁྲིམས་འགལ་ཉེས་གསོག་སྔོན་འགོག་གི་ལས་དོན་ཡག་པོ་སྒྲུབ་དགོས།
དོན་ཚན་ང་བརྒྱད་པ། རིག་གནས་དང་གསར་འགྱུར་དཔེ་སྐྲུན་སྡེ་ཚན་གྱིས་ངེས་པར་དུ་དུས་བདེའི་རིག་གནས་འཛུགས་སྐྱོང་ལ་སྐུལ་འདེད་བཏང་ནས་རིག་གནས་ཁྲོམ་ར་དང་འབྲེལ་ཡོད་ལས་རིགས་ལ་ལྟ་སྡོམ་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། བྱ་ཐབས་སྣ་ཚོགས་སྤྱད་དེ་ཀུན་སྤྱོད་དང་། ཁྲིམས་སྐྱོང་། སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་བཅས་ཀྱི་དྲིལ་བསྒྲགས་སློབ་གསོ་སྤེལ་བ། འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ལོག་སྤྱོད་དང་། གཏུམ་སྤྱོད། འཇིགས་སྐུལ། ཆགས་སྲེད། རྨོངས་དད། ཆོས་ལོག་སོགས་ཀྱི་ནང་དོན་ཚུད་པའི་གནོད་ལྡན་དཔེ་སྐྲུན་དངོས་པོ་དང་། གནོད་ལྡན་གྱི་གློག་རྡུལ་ཆ་འཕྲིན་དང་གློག་རྡུལ་སྒྲ་ཕབ་བརྙན་འཇུག་དངོས་པོ་སོགས་བཟོ་བ་དང་། ཁྱབ་སྤེལ། པར་སྐྲུན། བྲིན་འཚོང་བཅས་བྱེད་པའི་བྱ་སྤྱོད་ལ་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱེད་པ་དང་། རོལ་རྩེད་བྱེད་གནས་ཀྱི་རིགས་འདྲ་མིན་གྱི་སྒྲིག་འགལ་གཉེར་སྐྱོང་དང་ཁྲིམས་འགལ་ཉེས་གསོག་གི་བྱེད་སྤྱོད་ལ་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱེད་དགོས།
དོན་ཚན་ང་དགུ་པ། ས་གནས (གྲོང་ཁྱེར)ཁག་གིས་ངེས་པར་དུ་མི་དམངས་བཅིངས་འགྲོལ་དམག་བོད་སྡོད་དཔུང་སྡེ་དང་མི་དམངས་དྲག་ཆས་ཉེན་རྟོག་དཔུང་སྡེས་ཤེས་དཔལ་ཚན་པ་མཉམ་དུ་གཏོད་པའི་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་དགོས་པ་དང་། འབྲེལ་ཡོད་སྡེ་ཚན་དང་འབྲེལ་གཏུག་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། མཉམ་འགོག་ལས་དོན་ལ་སྐུལ་འདེད་བཏང་ནས་ཐུན་མོང་ཐོག་དམག་དོན་སྒྲིག་ཆས་སྲུང་སྐྱོབ་བྱ་རྒྱུ་དང་དམག་དམངས་དབར་གྱི་རྩོད་གཞིའི་རིགས་འདུམ་འགྲིག་ཐག་གཅོད་བྱ་རྒྱུའི་ལས་དོན་ཡག་པོ་སྒྲུབ་དགོས།
མི་དམངས་དྲག་ཆས་ཉེན་རྟོག་དཔུང་སྡེས་ངེས་པར་དུ་རྒྱུན་ལྡན་གྱི་ནང་ཁུལ་བདེ་སྲུང་འགན་སྒྲུབ་ལས་དོན་སྒྲིག་འཛུགས་དམ་ནན་བྱེད་པ་དང་། བདེ་འཇགས་ཉེན་ཟོན་གྱི་བྱ་ཐབས་ཁག་དོན་འཁྱོལ་བྱས་ནས་གལ་ཆེའི་དམིགས་སའི་བདེ་འཇགས་དང་གཙོ་ཆེའི་གནས་སྐབས་ཀྱི་གཞུང་དོན་ལེགས་འགྲུབ་ཡོང་བར་འགན་ལེན་བྱེད་དགོས་པ་དང་། སྤྱི་བདེ་ལས་ཁུངས་ལ་གཞོགས་འདེགས་ཧུར་ཐག་བྱས་ནས་བདེ་འཇགས་ཉེན་ཟོན་གྱི་ལས་དོན་བསྒྲུབས་ཏེ་ཁྲིམས་འགལ་ཉེས་གསོག་གི་བྱེད་སྤྱོད་སྣ་ཚོགས་ལ་རྡུང་རྡེག་གཏོང་དགོས།
ལེའུ་ལྔ་པ། སྤྱི་དམངས་བཅོས་སྐྱོང་ནང་ཞུགས་པ།
དོན་ཚན་དྲུག་ཅུ་པ། བཟོ་ཚོགས་དང་། གུང་གཞོན་སྡེ་ཚོགས། བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་མི་དམངས་ཚོགས་པས་ངེས་པར་དུ་ལས་བཟོ་དང་། གཞོན་ནུ་ལོ་ཆུང་། བུད་མེད་བཅས་ལ་བསམ་བློ་ཀུན་སྤྱོད་དང་ཁྲིམས་སྐྱོང་གི་སློབ་གསོ་རྒྱག་རྒྱུར་ཤུགས་སྣོན་བརྒྱབ་སྟེ། དེ་དག་གིས་དུས་བདེ་འཛུགས་སྐྱོང་ནང་ཧུར་ཐག་ཞུགས་ནས་ལས་ཀ་དང་། སློབ་སྦྱོང་། དགའ་རོགས་སྒྲིག་པ། གཉེན་སྒྲིག ཁྱིམ་ཚང་སོགས་ཐད་ཀྱི་གནད་དོན་དང་རྩོད་གཞི་ཐག་གཅོད་ཡང་དག་བྱ་རྒྱུར་ཁྲིད་སྟོན་བྱེད་དགོས་པ་དང་། ཁེ་དབང་སྲུང་སྐྱོང་གི་ལས་ཀའི་ལམ་སྲོལ་འཛུགས་པ་དང་ཚགས་ཚུད་དུ་གཏོང་དགོས།
དོན་ཚན་རེ་གཅིག་པ། བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་ངེས་པར་དུ་སྤྱི་དབང་མིན་པའི་ལམ་ལུགས་ཁེ་ལས་ནས་དུས་བདེ་འཛུགས་སྐྱོང་བྱེད་པའི་ནང་ཧུར་ཐག་ཞུགས་རྒྱུར་ཁྲིད་སྟོན་བྱེད་དགོས་པ་དང་། སྤྱི་དབང་མིན་པའི་ལམ་ལུགས་ཁེ་ལས་དང་སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་གྱི་མི་སྣའི་ལུགས་མཐུན་གྱི་ཞུ་རེ་ཁྲིམས་ལྟར་གསལ་ཞུ་དང་། ཁེ་ལས་དང་། ལས་རིགས་མཐུན་ཚོགས། ཚོང་ཚོགས་བཅས་ཀྱི་འདུམ་འགྲིག་བྱེད་ནུས་འདོན་སྤེལ། ངལ་རྩོལ་གྱི་འབྲེལ་བ་མཐུན་སྦྱོར། འགལ་བའི་རྩོད་གཞི་འདུམ་སེལ་བཅས་བྱེད་དགོས།
དོན་ཚན་རེ་གཉིས་པ། རྫོང་རིམ་དུས་བདེ་འཛུགས་སྐྱོང་སྒྲིག་འཛུགས་མཐུན་སྦྱོར་ཚན་པས་ངེས་པར་དུ་ཕྱོགས་ཁག་གི་སྟོབས་ཤུགས་གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་བྱས་ཏེ། གྲོང་ཚོ(གྲོང་མི)ཨུ་ཡོན་ལྷན་ཁང་དང་། ཆོས་ལུགས་བྱེད་སྒོ་སྤེལ་གནས་ཀྱི་དོ་དམ་རྩ་འཛུགས། གཉིས་ལྡན་དུད་སྦྲེལ། ཁེ་ལས། གྲོང་ཚོར(གྲོང་ལྷན)བཅའ་སྡོད་ཚན་པ་སོགས་སྒྲིག་འཛུགས་དང་སྐུལ་སློང་བྱས་ཏེ་གཞི་རིམ་གྱི་དུས་བདེ་འཛུགས་སྐྱོང་བྱེད་པའི་ནང་ཞུགས་ནས་དུས་བདེ་འཛུགས་སྐྱོང་གི་འགན་འཁྲི་དོན་འཁྱོལ་བྱེད་དགོས།
དོན་ཚན་རེ་གསུམ་པ། རྒྱལ་ཁབ་ལས་ཁུངས་དང་། མི་དམངས་ཚོགས་པ། ཁེ་ལས་དང་བྱ་གཞག་ཚན་པ། དེ་བཞིན་སྤྱི་ཚོགས་རྩ་འཛུགས་གཞན་དག་བཅས་ཀྱིས་ངེས་པར་དུ་ཁྲིམས་ལྟར་ནང་ཁུལ་གྱི་བདེ་འཇགས་རྩ་འཛུགས་འཛུགས་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས།
གྲོང་ཚོ(གྲོང་མི)ཨུ་ཡོན་ལྷན་ཁང་དང་གཉིས་ལྡན་དུད་སྦྲེལ་གྱིས་ངེས་པར་དུ་བདེ་འཇགས་སྲུང་སྐྱོང་ལས་ཀའི་ལམ་ལུགས་འཛུགས་པ་དང་ཚགས་ཚུད་དུ་བཏང་སྟེ་གྲོང་ཚོ(གྲོང་མི)སྐུལ་སློང་བྱས་ནས་ཐུན་མོང་ཐོག་གྲོང་ཚོ(གྲོང་མི)དེ་གའི་སྤྱི་ཚོགས་བདེ་འཇགས་ཀྱི་འབྲེལ་ཡོད་ལས་དོན་ཡག་པོ་སྒྲུབ་དགོས།
དོན་ཚན་རེ་བཞི་པ། གྲོང་ཁྱེར་དང་གྲོང་རྡལ་ཁྲོམ་གཞུང་གི་གྲོང་མིའམ་ཡང་ན་ཞིང་འབྲོག་པས་རང་གནས་སའི་རྒྱལ་ཁབ་ལས་ཁུངས་དང་། མི་དམངས་ཚོགས་པ། ཁེ་ལས་བྱ་གཞག་ཚན་པ་བཅས་ཀྱི་ལས་བཟོ་དང་མཉམ་ཞུགས་ཀྱིས་སྤྱི་བདེ་ལས་ཁུངས་ནས་སྤྱི་ཚོགས་བདེ་འཇགས་སྲུང་སྐྱོང་བྱེད་པའི་མཉམ་འགོག་མཉམ་བཅོས་རྩ་འཛུགས་འཛུགས་པ་དང་ཚགས་ཚུད་དུ་གཏོང་རྒྱུར་གཞོགས་འདེགས་བྱེད་དགོས།
མཉམ་འགོག་མཉམ་བཅོས་རྩ་འཛུགས་ཀྱིས་ངེས་པར་དུ་རང་སོ་སོའི་འཁྲི་འགན་གཞིར་བཟུང་དམ་ནན་བྱས་ནས་འབྲེལ་ཡོད་ཆེད་དོན་ལས་ཁུངས་ལ་གཞོགས་འདེགས་བྱས་ཏེ་བདེ་འཇགས་ཉེན་ཟོན་དང་བཅོས་སྐྱོང་བྱེད་དགོས་པ་དང་། སྤྱི་ཚོགས་བདེ་འཇགས་ལ་གནོད་འཚེ་བཟོ་བའི་ཁྲིམས་འགལ་ཉེས་གསོག་གི་བྱེད་སྤྱོད་ལ་ཉེན་ཟོན་དང་བཀག་འགོག་བྱས་ནས་ས་ཁུལ་དེ་གའི་སྤྱི་ཚོགས་བདེ་འཇགས་ཀྱི་སྒྲིག་ལམ་སྲུང་སྐྱོང་བྱེད་དགོས།
དོན་ཚན་རེ་ལྔ་པ། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་སོགས་སྡེ་ཚན་གྱིས་ངེས་པར་དུ་སྡེ་ལས་ཞབས་ཞུའི་ཁེ་ལས་དུས་བདེ་འཛུགས་སྐྱོང་གི་ལས་དོན་ནང་ཞུགས་རྒྱུར་ཁྲིད་སྟོན་དང་སྐུལ་ལྕག་བྱས་ཏེ་སྡེ་ལས་ཞབས་ཞུའི་ཁེ་ལས་ཀྱིས་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་བྱེད་པའི་ཁྲོད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས།
སྡེ་ལས་ཞབས་ཞུ་ཁེ་ལས་ཀྱིས་འབྲེལ་ཡོད་ཚན་པའི་མངགས་བཅོལ་ལྟར། སྐོར་ཞིབ་དང་སྡོད་གནས་ཐོ་འགོད་སོགས་ཐད་ཀྱི་ལས་དོན་སྤེལ་རྒྱུར་གཞོགས་འདེགས་བྱེད་དགོས།
དོན་ཚན་རེ་དྲུག་པ། གྲོང་ཚོ(གྲོང་མི)ཨུ་ཡོན་ལྷན་ཁང་དང་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྱི་དོ་དམ་རྩ་འཛུགས་ཀྱིས་གྲོང་སྲོལ་དམངས་ཆིངས་དང་། གྲོང་མིའི་སྤྱི་ཆིངས། དགོན་སྡེའི་སྒྲིག་སྲོལ་དང་གྲྭ་བཙུན་གྱི་དམངས་ཆིངས། ཁང་བདག་གི་སྤྱི་ཆིངས་སོགས་རྣམ་པ་བརྒྱུད་དེ། དུས་བདེ་འཛུགས་སྐྱོང་གི་དབང་ཆ་དང་འོས་འགན། དེ་བཞིན་བྱ་སྤྱོད་ཀྱི་བསྲུང་བྱ་བཅས་ཁ་གསལ་དང་ཞིབ་ཕྲ་བཟོ་རྒྱུར་སྐུལ་ལྕག་གཏོང་དགོས་པ་དང་། ཚན་པ་དང་མི་སྒེར་གྱིས་ཁང་པ་བོགས་གཏོང་སོགས་ཀྱི་གཉེར་སྐྱོང་བྱེད་སྒོའི་ནང་འབྲེལ་ཡོད་བསྲུང་བྱའམ་ཡང་ན་སྤྱི་ཆིངས་ཀྱི་འབྲེལ་ཡོད་ནང་དོན་རྣམས་བོགས་གཏོང་གན་རྒྱའི་ནང་ཁ་ཆད་བྱ་རྒྱུར་སྐུལ་ལྕག་གཏོང་དགོས།
དོན་ཚན་རེ་བདུན་པ། སྤྱི་དམངས་ཀྱིས་དང་བླངས་ངང་དུས་བདེ་འཛུགས་སྐྱོང་དང་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ནང་ཞུགས་ཏེ་འབྲེལ་ཡོད་སྡེ་ཚན་ནས་སྤྱི་ཚོགས་བདེ་འཇགས་ཀྱི་སྒྲིག་ལམ་སྲུང་སྐྱོང་ལ་གཞོགས་འདེགས་བྱ་རྒྱུར་སྐུལ་ལྕག་གཏོང་བ་དང་། འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་དང་བླངས་པ་སྒྲིག་འཛུགས་དང་། དེར་མཛུབ་ཁྲིད་བྱ་རྒྱུ་དང་སྦྱོར་བརྡར་སྤྲོས་རྒྱུར་ཤུགས་སྣོན་རྒྱག་དགོས།
དོན་ཚན་རེ་བརྒྱད་པ། སྤྱི་ཚོགས་རྩ་འཛུགས་ཀྱིས་གོ་རིམ་ལྡན་པའི་ངང་དུས་བདེ་འཛུགས་སྐྱོང་བྱེད་པའི་ནང་ཧུར་ཐག་ཞུགས་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ཞབས་ཞུ་ཉོ་སྒྲུབ་དང་ཁ་གསབ་སྤྲོད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ་སྤྱི་ཚོགས་རྩ་འཛུགས་ནས་སྡེ་ཁུལ་གྱི་དུག་འགོག་དང་། ཆོས་ལོག་ལ་ངོ་རྒོལ། སྡེ་ཁུལ་གྱི་ཡོ་བཅོས། སྤྱི་ཚོགས་ཀྱི་རོགས་སྐྱོར་སློབ་གསོ། སེམས་པའི་འགོག་རྐྱེན་གྱི་ནད་གཞི་ཕོག་མཁན་ལ་ཞབས་ཞུ་དང་དོ་དམ་སོགས་བྱེད་པའི་དུས་བདེ་འཛུགས་སྐྱོང་གི་ལས་དོན་ནང་ཞུགས་རྒྱུར་ཁྲིད་སྟོན་བྱས་ཆོག
དོན་ཚན་རེ་དགུ་པ། ཁྱིམ་ཚང་གི་ཁོངས་མིས་ངེས་པར་དུ་ཁྱིམ་ཚང་གི་སྤྱོད་བཟང་དར་སྤེལ་དང་། སྤྱི་ཚོགས་ཀྱི་ཀུན་སྤྱོད་ལ་བརྩི་སྲུང་། ཁྱིམ་ཚང་གི་འབྲེལ་བ་དང་ཁྱིམ་མཚེས་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བཅས་བྱེད་དགོས། ལྟ་སྐྱོང་བྱེད་མཁན་གྱིས་ངེས་པར་དུ་སྤྱི་ཚོགས་དང་སློབ་གྲྭ་དང་མཉམ་དུ་ནར་མ་སོན་པའི་བུ་ཕྲུག་གི་ལྟ་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། གཞོན་ནུ་ལོ་ཆུང་གི་རྒྱལ་གཅེས་རིང་ལུགས་དང་། མི་རིགས་མཐུན་སྒྲིལ། མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་། དེ་བཞིན་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ་བཅས་ལ་ཤུགས་སྣོན་རྒྱག་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་བཅས་བྱས་ནས་ཁ་ཕྲལ་གཏོར་བཤིག་དང་བཀས་བཀོད་རྒྱུད་འཛིན་གྱི་རྨོངས་དད་སོགས་ནོར་འཁྲུལ་གྱི་བསམ་བློས་གཞོན་ནུ་ལོ་ཆུང་ལ་ཤུགས་རྐྱེན་ངན་པ་མི་ཐེབས་པ་བྱེད་དགོས།
དོན་ཚན་བདུན་ཅུ་པ། ཕྱོགས་མང་པོ་ནས་ཞུགས་པའི་སེམས་པའི་འགོག་རྐྱེན་གྱི་ནད་གཞི་ཕོག་མཁན་ལ་སེམས་ཁུར་དང་རོགས་སྐྱོར་བྱེད་པའི་ལས་ཀའི་ལམ་སྲོལ་འཛུགས་པ་དང་ཚགས་ཚུད་དུ་གཏོང་དགོས། ཤང་གྲོང་(ཁྲོམ་གཞུང)དང་གྲོང་ཚོའི(སྡེ་ཁུལ)གཏོགས་ཁོངས་ཀྱི་སྤྱི་ཚོགས་དོ་དམ་འགན་འཁྲི་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དྲ་མིག་དོ་དམ་པ་དང་གཉིས་ལྡན་དུད་སྦྲེལ་གྱི་འགན་འཁྲི་ཤུགས་ཆེར་བཏང་སྟེ། གཏོགས་ཁོངས་ནང་གི་སེམས་པའི་འགོག་རྐྱེན་གྱི་ནད་གཞི་ཚབས་ཆེ་ཕོག་མཁན་ལ་ཞབས་ཞུ་དང་དོ་དམ་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། སྨན་བཅོས་ཚན་པ་དང་། གྲོང་ཚོ(གྲོང་མི)ཨུ་ཡོན་ལྷན་ཁང་། སེམས་པའི་འགོག་རྐྱེན་གྱི་ནད་གཞི་ཕོག་མཁན་གྱི་ལྟ་སྐྱོང་པ་སོགས་ཀྱིས་ངེས་པར་དུ་ཆ་འཕྲིན་འཚོལ་བསྡུ་དང་། སྨན་བཅོས་ནད་བརྟག དཀའ་ངལ་རོགས་སྐྱོབ་སོགས་ཀྱི་ཞབས་ཞུ་ཡག་པོ་བསྒྲུབས་ནས་སེམས་པའི་འགོག་རྐྱེན་གྱི་ནད་གཞི་ཕོག་མཁན་དང་དེའི་ཁྱིམ་ཚང་གི་ཁོངས་མིའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་བྱེད་དགོས།
དོན་ཚན་དོན་གཅིག་པ། སྤྱི་དམངས་ཀྱིས་ངེས་པར་དུ་རང་རྟོགས་ངང་སྤྱི་ཚོགས་བདེ་འཇགས་ཀྱི་སྒྲིག་ལམ་སྲུང་སྐྱོང་དང་། རང་ངོས་དང་ཁྱིམ་ཚང་གི་བདེ་འཇགས་ཉེན་ཟོན་ལ་ཤུགས་སྣོན་བརྒྱབ་སྟེ་ཁྲིམས་འགལ་ཉེས་གསོག་གི་བྱེད་སྤྱོད་སྣ་ཚོགས་དང་འཐབ་རྩོད་བྱེད་ཕོད་པ་དགོས།
སྤྱི་དམངས་དང་། ཁྲིམས་ཚན། རྩ་འཛུགས་གཞན་དག་བཅས་ཀྱིས་ཁྲིམས་འགལ་ཉེས་གསོག་གི་བྱེད་སྤྱོད་ཐེར་འདོན་བྱ་རྒྱུ་དང་། དུས་བདེ་འཛུགས་སྐྱོང་གི་ལས་དོན་ལ་བསམ་འཆར་དང་གྲོས་འཆར་འདོན་རྒྱུར་སྐུལ་ལྕག་གཏོང་དགོས།
དོན་ཚན་དོན་གཉིས་པ། གསར་འགྱུར་སྨྱན་སྦྱོར་གྱིས་ངེས་པར་དུ་དུས་བདེ་འཛུགས་སྐྱོང་གི་ལས་དོན་དྲིལ་བསྒྲགས་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། དུས་བདེ་འཛུགས་སྐྱོང་ལས་དོན་ཁྲོད་ཀྱི་སྔོན་ཐོན་དཔེ་མཚོན་གྱི་བྱས་རྗེས་རིགས་དྲིལ་བསྒྲགས་དང་འགོད་གཏོང་ཧུར་ཐག་བྱེད་དགོས།
ལེའུ་དྲུག་པ། དཔྱད་ཞིབ་དང་བྱ་དགའ་ཆད་གཅོད།
དོན་ཚན་དོན་གསུམ་པ། རིམ་ཁག་དུས་བདེ་འཛུགས་སྐྱོང་སྒྲིག་འཛུགས་མཐུན་སྦྱོར་ཚན་པས་ངེས་པར་དུ་དུས་བདེ་འཛུགས་སྐྱོང་གི་དཔྱད་ཞིབ་གདེང་འཇོག་ལམ་ལུགས་དང་ལམ་སྲོལ་འཛུགས་པ་དང་ཚགས་ཚུད་དུ་བཏང་སྟེ། ལོ་ལྟར་དུས་བདེ་འཛུགས་སྐྱོང་གི་དཔྱད་ཞིབ་གདེང་འཇོག་ལས་དོན་སྤེལ་དགོས།
རིམ་ཁག་མི་དམངས་སྲིད་གཞུང་གིས་ངེས་པར་དུ་དུས་བདེ་འཛུགས་སྐྱོང་གི་དཔྱད་ཞིབ་བྱས་འབྲས་ཉེར་སྤྱོད་བྱེད་ཤུགས་ཆེ་རུ་བཏང་སྟེ་དུས་བདེ་འཛུགས་སྐྱོང་གི་གྲུབ་འབྲས་དངོས་དེ་འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པར་ཕྱོགས་བསྡུས་ངང་དཔྱད་ཞིབ་གདེང་འཇོག་བྱེད་པའི་གལ་ཆེའི་ནང་དོན་ཞིག་ཏུ་བརྩིས་ནས་གོ་གནས་དང་རིམ་པ་སྤོར་རྒྱུ་དང་། ཕུལ་བྱུང་དང་སྔོན་ཐོན་དཔྱད་འདེམས་བྱ་རྒྱུ། བྱ་དགའ་དང་ཆད་གཅོད་བྱ་རྒྱུ་བཅས་དང་སྦྲེལ་མཐུད་བྱེད་དགོས།
དུས་བདེ་འཛུགས་སྐྱོང་སྒྲིག་འཛུགས་མཐུན་སྦྱོར་ཚན་པ་དང་། རྒྱལ་ཁབ་ལས་ཁུངས། མི་དམངས་ཚོགས་པ། ཁེ་ལས་དང་བྱ་གཞག་ཚན་པ། དེ་བཞིན་སྤྱི་ཚོགས་རྩ་འཛུགས་གཞན་དག་བཅས་ཀྱིས་དུས་བདེ་འཛུགས་སྐྱོང་གི་དམིགས་ཚད་བླང་བྱའི་ཚད་གཞི་ལོན་མེད་ཚེ་ལོ་འཁོར་འདི་གའི་བསམ་པའི་དཔལ་ཡོན་གྱི་སྔོན་ཐོན་ཚན་པར་བདམས་མི་ཆོག་པ་དང་། ཕྱོགས་བསྡུས་རང་བཞིན་གྱི་གཟི་བརྗིད་མཚན་སྙན་སྤྲོད་མི་ཆོག་ལ་ཚན་པ་དེ་གའི་གཙོ་འགན་འཁུར་མཁན་དང་ཐད་ཀའི་འགན་འཁྲི་ཡོད་མི་སྔོན་ཐོན་མི་སྒེར་ལ་འདེམས་མི་ཆོག
དོན་ཚན་དོན་བཞི་པ། རྒྱལ་ཁབ་ལས་ཁུངས་དང་། མི་དམངས་ཚོགས་པ། ཁེ་ལས་དང་བྱ་གཞག་ཚན་པ། དེ་བཞིན་སྤྱི་ཚོགས་རྩ་འཛུགས་གཞན་དག་བཅས་ཀྱིས་དུས་བདེ་འཛུགས་སྐྱོང་གི་འགན་འཁྲི་ཁྲིམས་ལྟར་མ་བསྒྲུབས་པའི་ཁར། གཤམ་གསལ་གྱི་གནས་ཚུལ་གང་རུང་ཞིག་ཡོད་ཚེ། དུས་བདེ་འཛུགས་སྐྱོང་སྒྲིག་འཛུགས་མཐུན་སྦྱོར་ཚན་པས་གནས་ཚུལ་ཚབས་ཆེ་ཆུང་ལ་གཞིགས་ནས་ཏང་སྲིད་ཀྱི་འགོ་ཁྲིད་གཙོ་བོ་དང་། འགན་བགོས་འགོ་ཁྲིད། འགོ་ཁྲིད་གཞན་དག་བཅས་ལ་འགན་འཁྲིར་ལྟ་སྐུལ་མཛུབ་ཁྲིད་དང་བདའ་འདེད་གཏོང་དགོས་པ་སྟེ།
(གཅིག)དུས་བདེ་འཛུགས་སྐྱོང་བྱ་རྒྱུར་མཐོང་ཆེན་མ་བྱས་པ་དང་། འབྲེལ་ཡོད་ལས་ཀའི་བྱ་ཐབས་དོན་འཁྱོལ་གང་ལེགས་མ་བྱས་པ། གཞི་རིམ་གྱི་རྨང་གཞིའི་ལས་ཀ་ཉམས་ཞན་ཡིན་པ། བདེ་འཇགས་ཀྱི་སྒྲིག་ལམ་ཟང་ཟིང་ཡིན་པ་བཅས་དང་།
(གཉིས)སྒྲིག་འཛུགས་དང་འགོ་ཁྲིད་བྱ་རྒྱུ་གང་ལེགས་མ་བྱུང་བ་དང་། བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་དོན་འཁྱོལ་གནད་འཁེལ་མ་བྱུང་བར་བརྟེན། ཆབ་སྲིད་བདེ་འཇགས་དང་། སྤྱི་ཚོགས་བརྟན་ལྷིང་། རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་པ་བཅས་ཀྱི་གྱོད་གཞི་ཐོན་ནས་མཇུག་འབྲས་ཚབས་ཆེ་བཟོས་པའི་རིགས།
(གསུམ)འགལ་བའི་རྩོད་གཞི་དུས་ཐོག་ཏུ་ཞིབ་བཤེར་འདུམ་འགྲིག་དང་ཐག་གཅོད་མ་བྱས་པ་དང་། བྱ་ཐབས་གནད་ལ་མ་འཁེལ་བ་ལས་དོ་བདག་གིས་རྒྱུན་ལྡན་མིན་པའི་ཞུ་བཅར་བྱས་པའི་གནས་ཚུལ་ཐོན་པའི་རིགས།
(བཞི)ཁྲིམས་བཅད་འགན་འཁྲི་ཡོངས་སུ་མ་བསྒྲུབས་པའི་རྐྱེན་གྱིས། དམིགས་བསལ་ཚབས་ཆེའི་བདེ་འཇགས་བྱུར་རྐྱེན་དང་། མི་དཔུང་ཁྱུ་སྒྲིག་གི་དོན་རྐྱེན། བཟའ་བཅའི་བདེ་འཇགས་བྱུར་རྐྱེན། ཉེས་དོན་གྱོད་གཞི་བཅས་ཐོན་པའི་རིགས།
(ལྔ)དུས་བདེ་འཛུགས་སྐྱོང་གི་དཔྱད་ཞིབ་གདེང་འཇོག་ཁྲོད་ལོ་གཉིས་བསྟུད་མར་ཨང་རིམ་མཇུག་ཤོས་ལ་སླེབས་པའི་རིགས།
(དྲུག)སྤྱི་ཚོགས་བདེ་འཇགས་ཀྱི་གཙོ་གནད་ས་ཁུལ་དང་། མངོན་ཆེའི་སྤྱི་པའི་བདེ་འཇགས་དང་བདེ་འཇགས་ཀྱི་གནད་དོན་སོགས་མི་དམངས་མང་ཚོགས་ཀྱི་གླེང་ཆ་ཆེ་རིགས་ལ་བྱ་ཐབས་ནུས་ལྡན་མ་སྤྱད་པའམ་ཡང་ན་དེ་དག་བསྐྱར་ལོག་བྱུང་བའི་རིགས།
(བདུན)གཙོ་ཆེའི་བརྟན་ལྷིང་མེད་པའི་རྒྱུ་རྐྱེན་དང་། མི་དཔུང་ཁྱུ་སྒྲིག་གི་དོན་རྐྱེན། འགན་ཤོར་བྱུར་རྐྱེན། དེ་བཞིན་མངོན་མེད་རྐྱེན་རྩ་གཞན་དག་བཅས་སྦས་གསང་དང་། རྫུན་ཞུ། འགྱངས་ཞུ། ཞུ་ལུས་ཐེབས་པ་བཅས་བྱས་ཏེ་མཇུག་འབྲས་ཚབས་ཆེ་བཟོས་པའི་རིགས།
(བརྒྱད)བདེ་འཇགས་ཀྱི་དོན་རྐྱེན་ཆེན་པོ་ཐོན་ཁར་ཐག་གཅོད་ཡག་པོ་མ་བྱུང་བས་དྲ་ཐོག་ཏུ་སྦིར་བསྒྲགས་ཐོན་པའི་རིགས།
(དགུ)གཙོ་གནད་མི་སྣར་འབྲེལ་མཐུད་དང་། དོ་དམ། ཞབས་ཞུ་བཅས་བྱེད་པའི་ལས་ཀར་མཐོང་ཆེན་མ་བྱས་པ་དང་། འགན་འཁྲི་དོན་འཁྱོལ་མ་བྱས་པ། ལས་ཀ་གནད་སྨིན་མ་བྱུང་བ་སོགས་ཀྱི་རྐྱེན་པས། གཙོ་གནད་མི་སྣ་དོ་དམ་ལས་བྲལ་བ་དང་དོ་དམ་བྱེད་ལུས་ཤོར་ནས་ཤུགས་རྐྱེན་ངན་པ་བཟོས་པའི་རིགས།
(བཅུ)རྒྱུན་ལྡན་གྱི་ཆོས་ལུགས་སྒྲིག་ལམ་ཟང་ཟིང་བཟོ་བ་དང་གཏོར་བཤིག་གཏོང་བའི་གྱོད་གཞི་ཐོན་པ་དང་། དེ་བཞིན་རིམ་ཁག་སྡེ་ཚན་ཁག་གི་མི་སྣས་རྒྱུན་ལྡན་གྱི་ཆོས་ལུགས་སྒྲིག་ལམ་ཟང་ཟིང་བཟོ་བ་དང་གཏོར་བཤིག་གཏོང་བའི་ནང་ཞུགས་པའི་རིགས།
(བཅུ་གཅིག)སྤྱི་ཚོགས་བདེ་འཇགས་གནད་དོན་གྱི་རྐྱེན་པས། ཀྲུང་དབྱང་ངམ་ཡང་ན་རང་སྐྱོང་ལྗོངས་ནས་ལྟ་སྐུལ་ཞིབ་བཤེར་དང་སྒྲུབ་སྐུལ་བྱས་པའི་རིགས།
(བཅུ་གཉིས)ངེས་པར་དུ་ལྟ་སྐུལ་མཛུབ་ཁྲིད་དང་འགན་འཁྲི་བདའ་འདེད་གཏོང་དགོས་པའི་བྱེད་སྤྱོད་གཞན་དག་གི་རིགས་བཅས་སོ།
དུས་བདེ་འཛུགས་སྐྱོང་བྱེད་པའི་འགོ་ཁྲིད་ཀྱི་འགན་འཁྲིར་ལྟ་སྐུལ་མཛུབ་ཁྲིད་དང་བདའ་འདེད་གཏོང་སྟངས་ཁོངས་སུ་བརྡ་ཁྱབ་དང་། སྐོང་འདྲི། སྒྲུབ་སྐུལ། འགན་འཁྲི་ལྡོག་བཤེར། སྤ་སེ་གཅིག་གིས་ཕྲུ་སློག་གཏོང་བའི་ལམ་སྲོལ་སོགས་ཚུད་ཡོད།
དོན་ཚན་དོན་ལྔ་པ། དུས་བདེ་འཛུགས་སྐྱོང་སྒྲིག་འཛུགས་མཐུན་སྦྱོར་ཚན་པ་དང་། མི་དམངས་སྲིད་གཞུང་། དེ་བཞིན་འབྲེལ་ཡོད་སྡེ་ཚན་བཅས་ཀྱིས་དུས་བདེ་འཛུགས་སྐྱོང་གི་ལས་ཀའི་འགན་འཁྲི་ཁྲིམས་ལྟར་མ་བསྒྲུབས་ཚེ། རང་ལས་རིམ་པ་གཅིག་གིས་མཐོ་བའི་དུས་བདེ་འཛུགས་སྐྱོང་སྒྲིག་འཛུགས་མཐུན་སྦྱོར་ཚན་པས་དུས་བཀག་ནང་བཅོས་སྒྲིག་བྱེད་དུ་འཇུག་རྒྱུ་
དང་། དུས་བཀག་ལས་ཡོལ་ཡང་བཅོས་སྒྲིག་མ་བྱས་པའམ་ཡང་ན་དུས་བཀག་ལྟར་བཅོས་སྒྲིག་
གི་དམིགས་ཚད་ལེགས་འགྲུབ་མ་བྱས་ཚེ་དབང་ཆའི་ལས་ཁུངས་ཀྱིས་ངེས་པར་དུ་ཁྲིམས་ལྟར་ཐག་གཅོད་བྱེད་དགོས།
རྒྱལ་ཁབ་ལས་ཁུངས་ཀྱི་ལས་དོན་མི་སྣས་དུས་བདེ་འཛུགས་སྐྱོང་དང་འབྲེལ་ཡོད་ལྟ་སྐུལ་དོ་དམ་གྱི་ལས་དོན་ཁྲོད། འགན་དབང་གང་བྱུང་དུ་སྤྱོད་པ་དང་། རང་འགན་སྣང་མེད་དུ་འཇོག་པ། ཉེར་ཕྱོགས་གཡོ་ཟོལ་བྱེད་པ་བཅས་བྱས་ཚེ་ཁྲིམས་ལྟར་ཆད་པ་གཅོད་རྒྱུ་དང་། ཉེས་གསོག་གི་ཚད་ལ་སླེབས་ཚེ་ཁྲིམས་ལྟར་ཉེས་དོན་གྱི་འགན་འཁྲི་བདའ་འདེད་གཏོང་རྒྱུ།
མི་དམངས་ཚོགས་པ་དང་། ཁེ་ལས་དང་བྱ་གཞག་ཚན་པ། སྤྱི་ཚོགས་རྩ་འཛུགས་གཞན་དག་བཅས་ཀྱིས་སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་ཏེ། དུས་བདེ་འཛུགས་སྐྱོང་གི་འོས་འགན་ཁྲིམས་ལྟར་མ་བསྒྲུབས་ཚེ། འབྲེལ་ཡོད་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་དུས་བཀག་ལྟར་བཅོས་སྒྲིག་བྱེད་དུ་འཇུག་དགོས་པ་མ་ཟད། བརྡ་ཁྱབ་བཏང་ནས་སྐྱོན་བརྗོད་བྱས་ཆོག བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་ལོགས་སུ་གཏན་འབེབས་ཡོད་ཚེ། གཏན་འབེབས་དེ་བཞིན་ལག་བསྟར་བྱེད་དགོས།
དོན་ཚན་དོན་དྲུག་པ། རང་སྐྱོང་ལྗོངས་ཀྱིས་དུས་བདེ་འཛུགས་སྐྱོང་གི་ལས་དོན་ཁྲོད་ལེགས་སྐྱེས་མངོན་གསལ་དོད་པོ་འབུལ་མཁན་ཚན་པ་དང་མི་སྒེར་ལ་གཟེངས་བསྟོད་དང་བྱ་དགའ་སྤྲོད་རྒྱུ།
ལེའུ་བདུན་པ། ཞར་བྱུང་།
དོན་ཚན་དོན་བདུན་པ། སྲོལ་ཡིག་འདི་2022ལོའི་ཟླ་8ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ། 2007ལོའི་ཟླ་5ཚེས་31ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བརྒྱད་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་སོ་གཅིག་པའི་ཐོག་དག་བཅོས་བྱས་ནས་གྲོས་འཆམ་བྱུང་བའི《བོད་རང་སྐྱོང་ལྗོངས་ཀྱི་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་སྲོལ་ཡིག》དེ་དུས་གཅིག་ཏུ་རྩིས་མེད་གཏོང་རྒྱུ།
更多精彩
请关注“天上阿里+”视频号↓↓↓
来 源:阿里政法
终 审:蔺新平
微信扫一扫
关注该公众号